ལྡན་མ་བློ་བཟང་དགེ་ལེགས།
དེང་སང་དགོན་པ་མང་པོ་ཞིག་ན་སྤྲུལ་སྐུའམ་མཁན་པོ། དགེ་བཤེས་རེ་ཟུང་གིས་སྒེར་གཅོད་ཀྱིས་གྲྭ་བའམ་སློབ་མ་རྣམས་ཀྱི་མདུན་ལམ་ལ་གནོད་ཚབས་ཆེན་པོ་བཟོ་ཞིང་འདུག་པ་བློ་ཕམ་ཆེ། དེ་མིན་ཡང་གོང་བཤད་ལྟར་བླ་མའི་གསུང་རེ་ཁ་ལ་ཁྱེར་ནས་སྒེར་གཅོད་ཀྱི་ལམ་ལུགས་འདི་ལས་འདའ་ཐུབ་པའི་དགོན་པ་ཞིག་ཕལ་ཆེར་སྲིད་མཐའ་ཙམ་དུ་སྣང་།
དེ་ལ་བླ་མ་རྣམས་ཀྱིས་གང་གསུང་ཁས་ལེན་རྐྱང་བྱེད་དགོས་པ་ཡང་མ་ཡིན་ཏེ། བླ་མ་སངས་རྒྱས་ཡིན་པའི་དབང་དུ་བཏང་ཡང་ཐ་མལ་པའི་ཚུལ་བསྟན་པ་འདི་ལགས་པས་དེས་ཐ་མལ་བའི་གསུང་ཡང་ཅིའི་ཕྱིར་མི་འབྱོན། ཡབ་སྲས་མཇལ་བའི་མདོ་ལས། “རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ། །”ཞེས་པའི་དོན་ཡང་དེ་ཁ་མ་ཡིན་ནམ། འདུལ་བ་མདོ་རྩ་བ་ལས། “ཆོས་མ་ཡིན་པར་སྨྲ་ན་བཟློག་པར་བྱའོ། །”ཞེས་དང་།“དགེ་བ་མི་འཕེལ་ན་དེ་བྱེད་པ་གཞན་ལ་གཏད་པར་གསོལ་བར་བྱའོ། །གནས་ཀྱི་འོས་ངེས་པར་ཤེས་པར་བྱས་ནས་གཏད་པར་བྱའོ། །” ཞེས་པའི་དོན་ཡང་མ་གོ་འདུག་སྟེ། སློབ་དཔོན་ཡོན་ཏན་འོད་གདོན་འདྲེའི་གྲལ་དུ་སྐྱེལ་བའི་ཁྱེད་ཅག་གི་དད་པ་དེ་ལ་བློ་ལྡན་གྱི་སྐྱེ་བོ་རྣམས་འཇིགས་ཆམ་མེར་འགྲོ་བར་གདོན་མི་ཟའོ། །བླ་མ་ལྔ་བཅུ་པ་ལས་ཀྱང་། “རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང་། །” ཞེས་པའི་དོན་ཡང་ཁྱོད་ཅག་གིས་ཇི་ལྟར་འགྲེལ། སློབ་དཔོན་ཆོས་གྲགས་ཀྱིས་རང་གི་དབང་པོའི་ཤེས་པ་ལྔ་ལ་རྩ་བ་གཏུགས་ཏེ། སློབ་དཔོན་དབང་ཕྱུག་སྡེ་ལ་དགག་པ་མཛད་པ་ཡང་ཁྱོད་ཅག་གིས་བདུད་དང་གདོན་འདྲེའི་བྱེད་སྟངས་སུ་ཁས་ལོངས་ཤིག་དང་རྒྱལ་བའི་བསྟན་པ་ལ་སྔོན་མེད་པའི་མཛེས་དཔལ་ཞིག་ངོམ་མཆི། ཧ་ཧ། རྒྱ་བོད་ཀྱི་སྐྱེས་ཆེན་དམ་པ་དག་གི་རྣམ་ཐར་ན་འདི་འདྲ་ཤིན་ཏུ་མང་། ཞོར་དུ་ལམ་རིམ་ཆེན་མོ་ལས། “དེ་ཡང་མཚན་ཉིད་ཚང་བ་ཞིག་ལ་བྱེད་ཀྱི་སུ་རུང་རུང་ལ་སྣ་ཤ་སྦྱིན་དུ་མི་བཏུབ་གསུང་ངོ་། །” ཞེས་གསུངས་པའི་དོན་ཡང་ཤེས་པར་མཛོད་ཅིག །
ལེགས་པར་བསམས་ན་ཁྱེད་ཅག་ལ་བཤེས་གཉེན་བསྟེན་ཚུལ་གྱི་མན་ངག་ཆ་ཚང་བ་ཞིག་ཨེ་ཡོད་དེ། བཤེས་གཉེན་བསྟེན་ཚུལ་ལ། སྐྱེས་བུ་ཆུང་ངུའི་བཤེས་གཉེན་བསྟེན་ཚུལ། སྐྱེས་བུ་འབྲིང་གི་བཤེས་གཉེན་བསྟེན་ཚུལ། ཐེག་ཆེན་གྱི་མདོ་སྡེ་ནས་གསུངས་པའི་བཤེས་གཉེན་བསྟེན་ཚུལ། རྡོ་རྗེ་ཐེག་པའི་གཞུང་ནས་གསུངས་པའི་བཤེས་གཉེན་བསྟེན་ཚུལ། མཚན་ལྡན་གྱི་བཤེས་གཉེན་བསྟེན་ཚུལ། མཚན་ལྡན་མིན་པའི་བཤེས་གཉེན་བསྟེན་ཚུལ། ཅི་གསུང་བཀའ་བཞིན་སྒྲུབ་ཚུལ་དང་དེའི་དོགས་གཅོད། གསུང་ལ་ལེགས་བཤད་དང་ཉེས་བཤད་འབྱེད་ཚུལ། ཉེས་བཤད་ཟློག་ཚུལ། དགེ་བའི་བཤེས་གཉེན་དམན་པ་ལས་སློང་ཚུལ། དགེ་བའི་ཆོས་མི་འཕེལ་ན་གཞན་ལ་གཏད་པར་གསོལ་དགོས་ཚུལ། དགེ་བའི་བཤེས་གཉེན་མང་པོ་བསྟེན་དགོས་པ་དང་ཉུང་ངུ་བསྟེན་དགོས་པ་སོགས་ཞིབ་ཏུ་ཤེས་ན་ནང་འགལ་གྱི་ལས་ལ་འབད་པས་མི་ཚེ་ཟད་པར་མི་འགྱུར་རོ། །
བླ་མ་སངས་རྒྱས་སུ་ལྟ་ཚུལ་འདི་ཡང་དོགས་པ་ཆོད་དཀའ་བས་ལྟ་དཀའ་བ་ཞིག་ཡིན་མོད། འོན་ཀྱང་བླ་མ་ལ་རྫུན་གཏམ་རྒྱུད་མར་བཤད་པ་དང་བླ་མ་ཁ་ལ་ཁྱེར་ཏེ་རང་དོན་དང་སྒེར་གཅོད་སྐྱོང་བ་ལ་བལྟས་ན་བླ་མ་སངས་རྒྱས་སུ་ཡིད་ཆེས་ཡོད་མདོག་སྟོན་པ་མང་པོ་ཞིག་ལ་ཤིན་ཏུ་ཐེ་ཚོམ་ཟ་ཞིང་། དེ་བས་ན་གཞན་དག་བཙན་གྱིས་དད་པ་བྱར་འཇུག་པ་ལས་རང་གི་དད་པ་སྦྱོང་བ་ལ་འབད་པ་གལ་ཆེ་བར་གདའོ། །
ཆེས་ཡ་མཚན་པ་ཞིག་ལ་དད་ཞེན་དང་ཕྱོགས་ཞེན་དབྱེ་དཀའ་བ་ཞིག་གིས་རང་གི་བླ་མ་སངས་རྒྱས་སུ་ཐག་གཅོད་བྱེད་པ་ལས་གཞན་གྱི་བླ་མ་ཡིན་ན་སངས་རྒྱས་མ་ཡིན་པས་ཁྱབ་པ་ལྟ་བུའི་རྣམ་འགྱུར་སྟོན་གྱིན་འདུག་པ་དེ་རེད། རང་གི་བླ་མ་སངས་རྒྱས་སུ་སྒྲུབ་བྱེད་ཡོད་ཚད་གཞན་གྱི་བླ་མ་ལའང་ཚང་འདུག་པ་འདི་ལ་ལན་གྱི་རྣམ་པ་ཅི་ཞིག་ཡོད་དམ། ཞར་ལ་ཐལ།
འདིར་མདོ་རྩ་བའི་ཚིག་འགའ་ཤས་དྲངས་ཏེ་སྐབས་དོན་ཅུང་ཟད་བཤད་ན། “དགེ་བ་གང་ཡིན་ཞེས་འཚོལ་བ་ཅན་དུ་བྱའོ་” ཞེས་གསུངས་པས་ནི། བླ་མས་བྱ་བ་བཅོལ་བ་སོགས་ཀྱི་ཚེ་ན་འདི་ལས་དགེ་བར་འགྱུར་རམ་འོན་ཏེ་མིན་ཞེས་འཚོལ་དགོས་ཀྱི་བླ་མས་གསུངས་མ་ཐག་ཏུ་དགེ་སྡིག་ལ་དཔྱད་པ་མེད་པར་ཞུགས་ན་ལྟུང་བ་ཡིན་པར་བསྟན་པ་རེད། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་མདོ་རྩ་བའི་རྒྱ་ཆེར་འགྲེལ་ལས། “གནས་པས་གནས་དང་འབྲེལ་བའི་བྱ་བ་དང་། གཞན་ཡང་གནས་བཅའ་བ་དང་ཞུ་བ་དང་འཁོར་སྦྱིན་པ་ལ་སོགས་པའི་ལས་ལ་ཅི་འདི་ལས་དགེ་བར་འགྱུར་རམ་འོན་ཏེ་འདི་ལས་མི་འགྱུར་ཞེས་དེ་ལྟར་དགེ་བ་འཚོལ་བ་ཅན་དུ་བྱའི། འཇིག་རྟེན་པའི་སྤྱོད་པ་ལ་གདུ་བར་བྱ་བ་ནི་མ་ཡིན་ནོ། །”ཞེས་གསུངས།
འོན་ཀྱང་དེ་ནི་ལུགས་སྲོལ་གྱིས་བཅིངས་པ་རྣམས་ཀྱིས་དད་པ་མེད་ཅིང་དམ་ཚིག་ཉམས་པའི་བྱེད་སྟངས་ཤིག་ཏུ་སྒྲོག་གིན་ཡོད། “ཉེས་བྱེད་ལ་འཇུག་ན་བཟློག་པར་བྱའོ་”ཞེས་གསུངས་པ་འདིས་བླ་མས་བྱ་བ་ངན་པ་མཛད་ཀྱིན་འདུག་ན་དེ་ལས་བཟློག་དགོས་ཤིང་མ་བཟློགས་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བར་བསྟན་པ་རེད། འོན་ཀྱང་དེ་ནི་སྒེར་གཅོད་པ་དག་གིས་དམ་ཉམས་ཀྱི་བྱེད་སྟངས་སུ་རློམ་ཞིང་ཡོད། “ཆོས་མ་ཡིན་པར་སྨྲ་ན་ཟློག་པར་བྱའོ།།”ཞེས་གསུངས་པ་འདིས། བླ་མས་ཆོས་དང་མི་མཐུན་ཞིང་རིགས་པ་དང་མི་མཐུན་པ་བཤད་ན་རིགས་པས་ཟློག་དགོས་པ་དང་མ་བཟློགས་ན་སངས་རྒྱས་ཀྱི་བཀའ་དང་འགལ་བའི་ཉེས་པ་གསོག་པར་བསྟན་པ་རེད། རྒྱ་ཆེར་འགྲེལ་ལས། “དགེ་སྦྱོང་བླ་མ་ཆོས་མ་ཡིན་པ་མི་རིགས་པ་སྨྲ་བ་ན་ཕྱི་བཞིན་འབྲང་བའི་དགེ་སློང་གིས་བཟློག་པར་བྱ་དགག་པར་བྱའོ། །” ཞེས་གསུངས། འོན་ཀྱང་རྨོངས་ཞེན་གྱིས་འཇུག་པར་སྤྲོ་བ་ལས་རིགས་པས་དཔྱོད་པ་ལ་མི་དགའ་བ་དག་གིས་ནི་ལས་ཀ་དེ་འདྲ་དད་པ་མེད་པའི་བྱེད་སྟངས་སུ་སྒྲོག་གིན་ཡོད། “དགེ་བ་མི་འཕེལ་ན་དེ་བྱེད་པ་གཞན་ལ་གཏད་པར་གསོལ་བར་བྱའོ། །” ཞེས་གསུངས་པ་འདིས་ནི་སློབ་དཔོན་དེའི་མདུན་ནས་ཐོས་བསམ་སོགས་ཀྱི་དགེ་བ་གོང་འཕེལ་དུ་མི་འགྲོ་བའམ་འཕེལ་སྐྱེད་ཆུང་ན་སློབ་དཔོན་གཞན་གྱི་མདུན་དུ་འགྲོ་ཆོག་པར་གསོལ་བ་འདེབས་དགོས་ཤིང་མི་འདེབས་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བར་བསྟན་པ་རེད། རྒྱ་ཆེར་འགྲེལ་ལས།“གལ་ཏེ་གནས་དེ་ལ་གནས་པའི་དགེ་བ་བསམ་གཏན་དང་ཀློག་པ་ལ་སོགས་པ་འཕྲལ་གྱི་བྱ་བ་ལ་སོགས་པས་མི་འཕེལ་ཞིང་འཕེལ་བར་མི་འགྱུར་ན། དགེ་བ་འཕེལ་བར་བྱེད་པ་དེ་བྱེད་པའི་གནས་གཞན་ལ་གནས་པ་བདག་ཉིད་གཏད་པར་གནས་ལ་གསོལ་བར་བྱ་སྟེ།”ཞེས་གསུངས། འོན་ཀྱང་བྱེད་སྟངས་དེ་ལ་བདག་དང་བདག་འདྲའི་སློབ་དཔོན་འཁོར་ལ་ཆགས་པ་དང་ཕྲག་དོག་ཅན་རྣམས་ཀྱིས་ནི་བཤེས་གཉེན་བསྟེན་ཚུལ་འཆུགས་པ་རེད་ཅེས་སྒྲོག་གིན་ཡོད། དེ་བཞིན་དུ་གནས་ཀྱི་བླ་མ་གང་གི་དྲུང་དུ་ཐོས་བསམ་སོགས་ཀྱི་དགེ་བ་ཉམས་པ་མཐོང་ཡང་ད་དུང་སྡོད་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བར་ཡང་གསུངས་ཡོད།
“གནས་ཀྱི་འོས་ངེས་པར་ཤེས་པར་བྱས་ནས་གཏད་པར་བྱའོ། །”ཞེས་གསུངས་པ་འདིས་རང་གིས་སློབ་མ་གང་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱིན་མི་འདུག་ན་དེ་ཉིད་ཕན་ཐོགས་སྒྲུབ་ཐུབ་པའི་སློབ་དཔོན་གཞན་ལ་གཏད་དགོས་པ་དང་མ་གཏད་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བར་བསྟན་པ་རེད། དེང་སང་ནི་བཙན་གྱིས་བཞག་པའི་དགོན་པའི་འགྲིག་ལམ་དང་རང་གི་དབང་སྒྱུར་དང་མིང་སྙན་སྲུང་བ་སོགས་ཀྱི་ཆེད་དུ་བདག་དང་བདག་འདྲ་རྣམས་ཀྱིས་སློབ་མ་དེའི་མི་ཚེ་དང་གཏན་གྱི་འདུན་མ་རླུང་ལ་སྐུར་བ་ལ་ཡ་མི་ང་བར་འདུག །དཔེར་ན། དགོན་པ་ཁ་ཤས་ན་གྲྭ་ཆུང་གང་ཞིག་མཚན་ཉིད་སློབ་གཉེར་ལ་དགའ་ཞིང་མཚན་ཉིད་སློབ་གླིང་དུ་ཞུགས་འདོད་བྱེད་ཀྱང་མཁན་པོའི་མིང་ཅན་དང་དགེ་བསྐོས་སོགས་ཀྱིས་དབང་ཤུགས་སྤྱད་དེ་གྲོང་ཆོག་བྱེད་མཁན་དུ་འཇོག་གིན་འདུག་པ་ལྟ་བུ་རེད།
“གནས་མངོན་པར་མི་དགའ་བ་དོར་བ་དག་ལ་བྱེད་དམ་བྱེད་དུ་འཇུག་ནུས་པའོ། །”ཞེས་གསུངས་པ་འདིས་སློབ་མ་གང་ཞིག་ས་ཕྱོགས་དང་དགོན་གནས་དེར་གནས་པར་མི་དགའ་བར་མཐོང་ན་གནས་དེ་དོར་ནས་དགའ་བའི་ཡུལ་ཕྱོགས་སུ་གཏོང་དགོས་ཤིང་དེ་ལྟར་ནུས་ན་དེ་ནི་སློབ་དཔོན་ལ་དགོས་པའི་ཡོན་ཏན་ཞིག་ཡིན་པར་བསྟན་པ་རེད། འོན་ཀྱང་དེང་སང་དགོན་པ་རྣམས་དང་བདག་དང་བདག་འདྲའི་སློབ་དཔོན་རྣམས་ཀྱིས་ནི་སློབ་མ་རྣམས་གནས་དེར་སྡོད་པར་མི་འདོད་པ་ཤེས་བཞིན་དུ་བཙན་ཐབས་སྣ་ཚོགས་ཀྱིས་གནས་ཡུལ་དེར་སྡོད་དུ་འཇུག་གིན་ཡོད།
དེ་ལྟར་ནའང་རང་ཅག་གིས་བཤེས་གཉེན་བསྟེན་པའི་སྐབས་འདིར་རྣམ་པ་ཀུན་ཏུ་འདར་མི་རུང་བའི་གནད་ཅིག་ནི། རང་ཅག་གིས་བླ་མ་ལ་དད་ལོག་དང་སྡང་ཞུགས་བྱེད་མི་ཉན་ཏེ། མ་དད་པ་དང་ཞེ་སྡང་ནི་སྤྱིར་ཉེས་དམིགས་ཆེ་ཞིང་ཡང་སྒོས་སུ་བླ་མ་ནི་ཡོན་ཏན་དང་ཕན་འདོགས་པའི་ཞིང་གཉིས་ཀ་ཡིན་པས་དེ་ལ་དགེ་སྡིག་གང་བྱས་ཀྱང་སྟོབས་ཤིན་ཏུ་ཆེ་བའི་ཕྱིར། མདོར་ན་འདུལ་བའི་ཁྲིམས་ནི་དམངས་གཙོའི་ལྗང་མྱུག་འཁྲུང་བའི་ཞིང་ས་ཞིག་ཡིན་པས་རྣམ་དཔྱོད་དང་དད་པའི་གཤོལ་གྱིས་རྨོ་བར་མཛོད་དང་དགེ་ལེགས་ཀྱི་སྟོན་འབྲས་སྨིན་པར་གདོན་མི་ཟའོ། །
ནང་དོན་ཡོངས་ཁུངས། རྩམ་པ་སྤྱི་སྟེགས།