དགེ་ཚུལ་གྱི་བསླབ་ཚིགས་ལས་འཕྲོས་པ་ཅུང་།

ཤར་ཕུན་ཚོགས།
དགེ་ཚུལ་གྱི་བླངས་འདས་ལ་ཕམ་འདྲའི་ཉེས་བྱས་དང་བཤག་བྱའི་ཉེས་བྱས་གཉིས་ཏེ། སོ་གསུམ་དང་སོ་དྲུག་དང་སོ་བདུན་དང་ང་ལྔ་སོགས་བགྲང་སྟངས་འདུལ་གཞུང་ཁག་ཏུ་མང་བོ་ཡོད། རེད་དེ། བླངས་འདས་ལ་བཤག་བྱས་མ་ཁྱབ་པར་བར་མ་གསུམ་ལས་འདས་པ་བསྡམ་བྱར་འཇོག་མཁན་ཡོད། བར་མ་གསུམ་ལས་འདས་པ་དེ་དགེ་ཚུལ་གྱི་བླངས་འདས་ཡིན་པའི་རྒྱུ་མཚན་ཇི་ལྟར་དཔྱད། ཕམ་འདྲ་དེ་བཤག་བྱའི་ཉེས་བྱས་ཡིན་མིན་ལ་རྩོད་པ་ཡོད། འཆབ་བཅས་ཀྱི་ཕམ་འདྲ་ལ་བཤག་བྱའི་ཉེས་བྱས་ཀྱི་དོན་ཚང་ངམ། བཤག་བྱའི་ཉེས་བྱས་ལ་གཉེན་པོས་བཤག་ན་འདག་རྒྱུ་ཡོད་པའི་དོན་དེ་ཚང་ཨེ་དགོས། བསླབ་བྱིན་དགེ་ཚུལ་ལྟ་བུའི་ཕམ་འདྲ་དེ་བཤག་བྱའི་ཉེས་བྱས་ཡིན་ཀྱང་སྤྱིར་ཕམ་འདྲ་དེ་དེ་མིན་ཞེ་ན་ཇི་ལྟར་དཔྱད། བསླབ་བྱིན་དགེ་ཚུལ་ཡོད་པ་ནི་ཕྲན་ཚེགས་འགྲེལ་བའི་དགོངས་པ་རེད་དེ། དགེ་ཚུལ་ལ་བསླབ་པ་བྱིན་པ་ཡོད་དམ་ཞེ་ན་ཡོད་དེ་ཞེས་གསུངས་སོ།།

དགེ་ཚུལ་གྱི་བསྡམ་བྱའི་ཉེས་བྱས་ཡིན་པའི་ཕྱོགས་མཐུན་ལ་དགེ་སློང་ཕའི་སྡོམ་བསྡུས་ལྟར་ན་ཉིས་བརྒྱ་ཕྱེད་དང་བཅོ་ལྔ་ཡོད། དགེ་ཚུལ་གྱིས་ལྟུང་མེད་ཕྱེད་དང་བཅུ་བདུན་མ་གཏོགས་པ་དགེ་སློང་གི་ཁྲིམས་རྣམས་བརྩི་དགོས་སོ།། ལྟུང་མེད་ཕྱེད་དང་བཅུ་བདུན་ནི་གོས་འཆང་བ་དེ་སྤང་ལྟུང་བཅུ་ཚན་དང་པོའི་དང་པོ། ལྷུང་བཟེད་འཆང་བ་སྤང་ལྟུང་བཅུ་ཚན་གསུམ་པའི་དང་པོ་དང་འབྲལ་བ་སྤང་ལྟུང་བཅུ་ཚན་དང་པོའི་གཉིས་པ། ས་རྐོ་བ་ལྟུང་བྱེད་འབའ་ཞིག་པ་བཅུ་ཚན་བརྒྱད་པའི་གསུམ་པ་དང་གཞན་གྱི་རིན་ཆེན་རེག་པ་ལྟུང་བྱེད་འབའ་ཞིག་པ་བཅུ་ཚན་དྲུག་པའི་དགུ་བ་དང་མེ་རེག་ལྟུང་བྱེད་འབའ་ཞིག་པ་བཅུ་ཚན་དྲུག་པའི་གཉིས་པ་དང་བཏང་ནས་ཟ་བར་བྱེད་པ་ལྟུང་བྱེད་འབའ་ཞིག་པ་བཅུ་ཚན་བཞི་བའི་བཞི་བ་དང་ལྗོན་ཤིང་འཛེགས་པ་ཉེས་བྱས་ཀྱི་སྡེ་ཚན་དགུ་བ་དང་བྱིན་ལེན་མ་བྱས་པར་ཟ་བ་བཅུ་ཚན་བཞི་བའི་དགུ་བ།

རྩྭ་སྔོན་མི་གཙང་བ་འདོར་བ་ཉེས་བྱས་ཀྱི་སྡེ་ཚན་བརྒྱད་པའི་ནང་གི་གསུམ་པ་དང་གསོག་འཇོག་ཟ་བ་ལྟུང་བྱེད་འབའ་ཞིག་པའི་བཅུ་ཚན་བཞི་བའི་བརྒྱད་པ་དང་ས་བོན་འཇོམས་པ་ལྟུང་བྱེད་འབའ་ཞིག་པའི་བཅུ་ཚན་གཉིས་པའི་དང་བོ། ཟླ་འཇོག་སྤང་ལྟུང་བཅུ་ཚན་དང་བོའི་གསུམ་པ་དང་དགོན་འབྲལ་སྤང་ལྟུང་བཅུ་ཚན་གསུམ་པའི་དྲུག་པ་དང་གསོག་འཇོག་བྱེད་པ་སྤང་ལྟུང་བཅུ་ཚན་གསུམ་པའི་བཅུ་བ་དང་མི་སྨྲར་འགྲོ་བ་ལྟུང་བྱེད་འབའ་ཞིག་པ་བཅུ་ཚན་བརྒྱད་པའི་བདུན་པ་དང་ནུབ་ལྷག་པར་ཉལ་བ་ལྟུང་བྱེད་འབའ་ཞིག་པའི་བཅུ་ཚན་དྲུག་པའི་བཞི་བའོ།། ཕྱེད་ཟེར་བ་དེ་ནུབ་ལྷག་པར་ཉལ་བའི་ནང་གི་དགེ་ཚུལ་ནང་ནུབ་ལྷག་པར་ཉལ་བ་དེའོ།། ད་ཅི་ཕྱེད་དང་བཅུ་བདུན་དེ་དགེ་སློང་ཕའི་བར་སྡོམ་གྱི་དབང་དུ་བྱས་སོ།། བྱེ་བྲག་བཤད་མཛོད་དུ་དགེ་ཚུལ་ལ་ལྟུང་མེད་ཕྱེད་དང་བཅོ་བརྒྱད་བགྲང་སྟངས་དེ་དགེ་སློབ་མའི་དབང་དུ་བྱས་པ་རེད། ད་དུང་དེའི་སྟེང་དུ་རུང་མཐུན་སྦྱར་ཏེ་འདུན་བསྒྱུར་བསྣན་ནས་ཕྱེད་དང་བཅུ་དགུར་བགྲང་བའང་ཡོད།
འདུན་བསྒྱུར་བགྲང་བ་ལྟར་ན་དགེ་སློང་མའི་དབང་དུ་དགེ་ཚུལ་ལ་ལྟུང་མེད་ཕྱེད་དང་བཅུ་བདུན་དང་དགེ་སློང་ཕའི་དབང་དུ་དགེ་ཚུལ་ལ་ལྟུང་མེད་ཕྱེད་དང་བཅོ་བརྒྱད་ཅེས་བགྲང་བ་ཡོད། དེའི་སྟེང་དུ་དགེ་ཚུལ་ཕ་ལ་ནི་དགེ་སློང་མའི་སྡོམ་བསྡུས་ལྟར་ན་ལྟུང་མེད་ཕྱེད་དང་སུམ་ཅུ་རྩ་གསུམ་ཞེས་བགྲང་སྟངས་ཀྱང་ཡོད། ད་ཅི་བྱེ་བྲག་བཤད་མཛོད་དུ་བགྲང་ཚུལ་གྱི་སྟེང་དུ་དགེ་སློང་མའི་ཐུན་མིན་གྱི་སྡོམ་བསྡུས་ཆོས་གོས་ཉི་མ་དང་བོ་ལ་བྱིན་གྱིས་མི་རློབ་པ་དང་ཆོས་གོས་ཟླ་བ་ཕྱེད་ཕྱེད་དུ་བྱིན་གྱིས་མི་རློབ་པ་དང་བསླབ་པ་ལ་བསླབ་པ་བསྙེན་པར་རྫོགས་པར་མི་བྱེད་པ་དང་རྗེན་པ་འཚེད་པ་དང་བཞི་བགྲང་ནས་ལྟུང་མེད་ཕྱེད་དང་ཉེར་གཉིས་ཞེས་བརྩི་ཚུལ་ཡང་ཡོད། དེ་ཡང་དགེ་ཚུལ་མ་ལ་སྦྱར་ན་ཕྱེད་དང་ཉེར་གཅིག་ཅེས་བགྲང་དགོས་སོ།། འཕྲོས་དོན་འདི་ཡོད་དེ། ལྟུང་མེད་འདི་དག་ལ་ཉོན་མོངས་ཅན་གྱིས་ཞུགས་ན་ཉེས་པ་ཡོད་མེད། ཡོད་ན་ནུབ་ལྷག་ཕྱེད་ཡིན་པར་འདྲ་བར་གཞན་རྣམས་ཀྱང་ཕྱེད་དུ་འགྱུར་བའི་ཐལ་བ་ཡོད་མེད་དཔྱད།

སྤྱིར་བཏང་། གཞི་སྟོད་དང་གཞི་སྨད་དང་སྤྱི་བསྟན་སྐོར་གྱི་འདུལ་གཞུང་ཆ་ཚང་བར་དཔྱད་པ་མ་སོང་ན། དགེ་ཚུལ་ཙམ་གྱི་སྐོར་ལའང་དཔྱད་པ་ཡག་པོ་འགྲོ་མི་ཐུབ་པ་ཕྲན་གྱིས་མྱོང་བས་ཚོར། དུས་ཚོད་ལྷོད་ལྷོད་ཅིག་ཤར་ན། དགེ་ཚུལ་གྱི་བསླབ་བྱའི་སྐོར་ལས་དཔྱད་པ་སྣ་ཚོགས་པ་མུ་མཐུད་དུ་འཕྲོས་ཏེ་ཀློག་པོ་རྣམ་པ་ལགས་རྗེས་སོར་སླར་མཇལ་ཏོ།།

གངས་ལྗོངས་རིས་མེད་ལྔ་རིག་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རང་ཤག་ཏུ་ཤར་ཕུན་ཚོགས་སུ་འབོད་པ་དེས་འཕྲལ་འཕྲལ་ལ།
ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།