ངོ་སྤྲོད། ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་།

༄༅། །ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་གི་ངོ་སྤྲོད་མདོར་བསྡུས།

ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་ནི། ༧ ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྡོ་རྗེ་སློབ་དཔོན་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་རིམ་བརྒྱུད་འོག་འཕགས་ཡུལ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་ཀྱི་ནོར་བུ་གླིང་ཁའི་ཉེ་འཁྲིས་སུ་ཕྱི་ལོ་༢༠༡༤་ཟླ་༡༢་ཚེས་༡༣་ཉིན་གསར་སྐྲུན་དབུ་འཛུགས་གནང་བ་ཞིག་ཡིན།

དེ་ཡང་ཕྱི་ལོ་༢༠༡༤་ཟླ་༡༡་ནང་༸་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཞུས་པས། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ ༢༠༡༤་༡༡་༡༥་ ཉིན་བཀའ་ལན་ཕེབས་དོན། དད་ལྡན་ཇོ་ནང་མཁན་ཟུར་ཆོས་ཀྱི་སྣང་བ་ནས་བརྟག་ཞུ་འབྱོར་པར། བརྟན་པར་བགྱིས་དོན། བསམ་ དོན་ཡིན་
བཞིན་དུ་འགྲུབ་ངེས་པས།དེ་དོན་ཐག་གཅོད་བྱེད། ཅེས་བཀའ་བསྩལ་གནང་བ་དང་།

༢༠༡༥་༥་༢༥་༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ནས་དེ་དོན་སྙན་གསང་ཞུས་པར། ཐུགས་དགྱེས་བརྩེ་བ་ཆེན་པོས་མ་འོངས་པར་དུས་འཁོར་སྦྱོར་དྲུག་སོགས་ཀྱི་ཉམས་ལེན་སྐོར་ལ་ཇོ་ནང་གཅིག་པུ་ཙམ་མ་ཡིན་པར་ཆོས་བརྒྱུད་རིས་མེད་ཉམས་ལེན་བྱ་ཡུལ་ཞིག་བྱུང་ན་ཧ་ཅང་བཟང་བས་སོགས་བཀའ་སློབ་ལམ་སྟོན་སྩལ་བ་དང་དེ་བཞིན་དུ་དུས་འཁོར་གྲྭ་ཚང་གི་མཚན་ལ་{ དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་། } ཞེས་ཕྱག་བྲིས་དངོས་སུ་སྩལ།

ད་ལྟ་དུས་འཁོར་གྲྭ་ཚང་གིས་སྒྲུབ་གྲྭ་དང་བཤད་གྲྭ་ཁག་གཉིས་སུ་ཚོགས་ཁང་དང་། གྲྭ་ཤག ལྷ་ཁང་། སྒོམ་ཁང་། འཛིན་ཁང་སོགས་འཛུགས་སྐྲུན་གནང་དང་གནང་བཞིན་ཡོད་པ་དང་། དཔལ་རྒྱལ་བ་ཇོ་ནང་བའི་དགོན་གནས་འདིར་བོད་ཡུལ་དང་། ཐའེ་ཝན། འབྲུག་ཡུལ། བལ་ཡུལ། ལ་དྭགས། སི་ཀེམ། རྒྱ་གར་སོགས་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱིས་འབད་པ་ཆེན་པོས་དབུ་ཚད་ཕར་གསུམ་དང་། འདུལ་མཛོད་རྣམ་གཉིས། སྙན་ངག སྐད་ཡིག སུམ་རྟགས་དག་གསུམ། ཚན་རིག གློག་ཀླད། རི་མོ་སོགས་གནའ་དེང་གི་ཤེས་བྱ་སྣ་མང་ལ་སློབ་བཞིན་ཡོད།

གཙོ་བོ་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་གི་སྒྲུབ་ཁང་དུ་གྲྭ་ཚང་རང་གི་དགེ་འདུན་པའི་དུས་འཁོར་སྦྱོར་དྲུག་ཉམས་ལེན་བྱེད་བཞིན་པ་མ་ཟད། ལྔ་འགྱུར་རྙིང་མའི་མཁན་པོ་དང་། དཔལ་ལྡན་ས་སྐྱ་པའི་མཁན་པོ། རི་བོ་དགེ་ལྡན་པའི་དགེ་བཤེས། དེ་བཞིན་འགྲོ་མགོན་བཀའ་བརྒྱུད་པའི་སློབ་དཔོན་རྣམས་ཀྱི་གཙོས་རིས་མེད་བསྟན་འཛིན་སྐྱེས་བུ་དུ་མས་༧ ཇོ་ནང་རྒྱལ་ཚབ་རིན་པོ་ཆེའི་མདུན་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཟབ་ལམ་སྦྱོར་བ་དྲུག་ལ་ཉམས་ལེན་གནང་དང་གནང་བཞིན་པ་དང་།

དེ་བཞིན་དུ་ཨ་རི་དང་། ཡོ་རོབ། ཐའེ་ཝན་རྣམས་གཙོས་ཕྱི་རྒྱལ་གྱི་དད་ལྡན་དོན་གཉེར་ཅན་རྣམས་ལ་ལོ་རེ་བཞིན་སྦྱོར་བ་དྲུག་གི་ཐུན་མོང་གི་སྔོན་འགྲོ་འབུམ་ལྔ་སོགས་ཀྱིས་བཀའ་དྲིན་སྩོལ་བཞིན་པ་ལགས་སོ།།

བཀྲ་ཤིས་བདེ་ལེགས།

ཟླ་ཚེས་བཟང་པོ་ལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།