འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
ངོས་རང་མི་གཅིག་ཡིན་པའི་ཆ་ནས་མིའི་བདེ་སྐྱིད་ཅེས་པ་དེ་ལ་གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་གལ་ཆེན་ཡིན་པ་དང་། ནང་སེམས་ཀྱི་བདེ་སྐྱིད་དེ་ཡང་ཆོས་དད་ཡོད་མེད་ལ་མ་ལྟོས་པར། ང་རང་ཚོ་ཆུང་ཆུང་སྐབས་ནས་ཕ་མས་ཇི་ཙམ་བརྩེ་བས་བསྐྱངས་པ་དེ་ཙམ་གྱིས་ཕྲུ་གུའི་སེམས་ལ་དགའ་སྣང་དང་། སྐྱིད་སྣང་ཡོང་གི་ཡོད་པ་ལྟར་བྱམས་བརྩེ་ནི་ང་རང་ཚོར་རང་ཆས་སུ་ཡོད་པ་ཞིག་རེད། བར་སྐབས་ཤིག་ནས་ཚན་རིག་པ་ཚོས་ཚན་རིག་གི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། བྱམས་བརྩེ་ཞེས་པ་དེ་ལུས་བདེ་པོ་དང་། ཁྱིམ་ཚང་སྐྱིད་པོ། སྤྱི་ཚོགས་འཆམ་མཐུན་ཡོང་གཞི་བཅས་ཡིན་པར་ངོས་འཛིན་གྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག དེར་བརྟེན། མི་ཞིག་ཡིན་ཕྱིན་ཆད་ལ་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྒྲུབ་རྒྱུ་དེ་ངས་རིམ་པ་དང་པོ་བྱེད་ཀྱི་ཡོད།
ངོས་རང་ལ་ཆ་བཞག་ནའང་མི་ཡིན་བསམ་པ་ནི་གཙོ་བོར་འཇོག་གི་ཡོད། བོད་པ་དང་ནང་པ་ཞིག་ཡིན་བསམ་པ་དེ་རིམ་པ་གཉིས་པར་འཇོག་གི་ཡོད། མི་ཞིག་ཡིན་པའི་ངོས་ནས་མི་ལ་བདེ་སྐྱིད་ལྡན་པའི་ལམ་ཁ་ཇི་ལྟར་ཡོད་མིན་ཐད་མཁས་པ་མང་པོ་མཉམ་དུ་བགྲོ་གླེང་གོ་བསྡུར་བྱས་པའི་གྲུབ་དོན་ལ་སེམས་པ་བཟང་པོ་བྱས་ཚེ་སྐྱིད་པོ་ཡོང་པ་དང་། སེམས་ལ་ཆགས་སྡང་ཤུགས་ཆེན་པོ་ཡོད་ཚེ་མ་སྐྱིད་པ་ཡོང་གི་ཡོད།
ཡང་མི་དུང་ཕྱུར་བདུན་ཅུའི་ནང་ནས་དུང་ཕྱུར་བཅུ་ལ་ཆོས་དད་མེད་པ་རེད། ཆོས་དད་མེད་མཁན་ཚོ་ཡང་མི་ཡིན་པ་དང་། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པས་བརྩེ་བའི་ཡུལ་ཡིན། ཁོ་རང་ཚོ་སྒེར་སོ་སོའི་ངོས་ནས་བཤད་ནའང་བདེ་སྐྱིད་འདོད་པ་ཡིན་པས། རིམ་པས་དེ་དག་འགྲོ་བ་མི་སྤྱི་ལ་ཁྱབ་པའི་ཐབས་ཤེས་ག་རེ་ཡོད་ཟེར་ན། གཙོ་བོ་བྱམས་བརྩེ་ཡོད་ན་སེམས་ནང་བདེ་སྐྱིད་དང་ཞི་བདེ་ཡོང་བ་མཐུན་སྣང་དུ་གྲུབ་ཡོད། དེར་བརྟེན་འཛམ་གླིང་འདིར་ལོ་སྟོང་ཕྲག་གསུམ་བཞིའི་གོང་ནས་ཡོད་པའི་ཆོས་ལུགས་གཙོ་ཆེ་བ་ཚང་མའི་ནང་མིའི་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་ལ་ཐུག་ཡོད་པ་བཤད་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཡིན་ནའང་འདྲ། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཡིན་ནའང་འདྲ་ཚང་མས་བྱམས་བརྩེ་ནི་གལ་ཆེན་དུ་གསུངས་ཡོད་པ་རེད། ཐོག་མ་མེད་པ་ནས་བྱམས་བརྩེ་ནི་མིའི་སེམས་ལ་བདེ་སྐྱིད་བསྐྲུན་མཁན་གྱི་རྩ་བ་དེ་ཡིན་པ་ཚང་མས་ངོས་འཛིན་གྱིས་ཤོད་ཀྱི་འདུག བྱམས་བརྩེ་ལ་མི་དང་དུད་འགྲོ་གང་ཡིན་ཡང་དགའ་པོ་བྱེད་ཀྱི་ཡོད། མི་དང་དུད་འགྲོ་གང་ཡིན་ཡང་མ་ལས་སྐྱེས་པ་ཡིན་པས་མི་ཚེའི་མགོ་ཚུགས་པ་ནས་བརྩེ་བས་བསྐྱངས་ཏེ་འཚར་ལོངས་བྱུང་ཡོད། ཆུང་ཆུང་སྐབས་ཨ་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་པ་རེད། གལ་སྲིད་ཨ་མ་རླུང་ལངས་ནས་བདག་པོ་མ་བརྒྱབ་པ་ཡིན་ན་ང་ཚོ་འཚོ་ཐབས་མེད། མི་དུང་ཕྱུར་བདུན་ཅུ་ཡོངས་རྫོགས་གཅིག་པ་རེད། ཆུང་ཆུང་སྐབས་བྱམས་བརྩེའི་ཚོར་བ་ཤུགས་ཆེན་པོས་བསྐྱངས་ཤིང་གསོས་པ་ཡིན་པས་མི་ཚེའི་ནང་བྱམས་བརྩེའི་ཚོར་བ་ཤུགས་ཆེན་པོ་ཡོད་ན་ལུས་པོའང་བདེ་ཐང་ཡོང་གི་རེད། མིའི་སྤྱི་ཚོགས་ཞེས་པ་མཉམ་དུ་འཚོ་དགོས་པ་ལས་ཁེར་རྐྱང་གིས་འཚོ་ཐབས་མེད། སྤྱི་ཚོགས་ཀྱི་འཚོ་བ་མཉམ་དུ་རོལ་བར་སེམས་ནང་ཆ་རྐྱེན་ཞིག་དགོས་པ་རེད། སྦྲང་རྩི་གསོག་མཁན་གྱི་སྦྲང་མར་མཚོན་ནའང་མཉམ་རུབ་ཀྱི་ཐོག་ནས་འཚོ་ཐབས་བྱེད་པ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པ་ལྟར་ང་ཚོ་མི་ལའང་དེ་ལྟར་རང་བཞིན་གྱིས་ཡོང་གི་ཡོད་པ་རེད།
ལོ་ངོ་སྟོང་ཕྲག་གསུམ་སྔོན་ནས་རྒྱ་གར་ལ་ཡོད་པའི་ཆོས་དང་མ་འབྲེལ་བའི་བྱམས་བརྩེ་སྤེལ་ཐབས་འདི་སངས་རྒྱས་པའི་ཆོས་ཀྱི་ངོས་ནས་བཤད་ནའང་དེ་ལྟར་ཡོང་དགོས་པ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་ད་ལྟ་ཕེབས་པ་ཡིན་ན་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ (Secular ethics) འདི་ངེས་པར་གསུང་གི་རེད། བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་གལ་ཆེ་ཤོས་བདག་མེད་ཀྱི་ལྟ་བ་ཡིན་ཡང་། གདུལ་བྱ་འགའ་ཤས་ཀྱི་ཁམས་དང་མོས་པར་བསྟུན་ནས། ཕུང་པོ་ལྔ་ནི་ཁུར་རོ།། ཁུར་འཁུར་བ་པོ་ནི་གང་ཟག་གོ། ཅེས་ཀྱང་གསུངས་ཡོད། བཅོམ་ལྡན་འདས་ནི་ཀུན་ལ་བརྩེ་ཞིང་། ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ་པ་ཞིག་ཡིན་པས། ཆོས་དད་མེད་མཁན་ཚོར་ཡང་ཇི་ལྟར་མི་ཚེ་སྐྱིད་པོ་ཡོང་ཐབས་ལ་དགོངས་པ་བཞེས་ཀྱི་རེད། དེར་བརྟེན་ངོས་རང་མི་ཞིག་ཡིན་པའི་ཆ་ནས་མི་དུང་ཕྱུར་བདུན་ཅུ་ལ་ཕན་ཐོགས་བྱེད་པ་དང་། ཕན་ཐོགས་བྱེད་ཐབས་ཀྱང་མི་རེ་རེའི་རྣམ་དཔྱོད་དང་བསྟུན་ནས་རྒྱུ་མཚན་ལྡན་པའི་ཐོག་ནས་བསམ་བློར་རིམ་པས་འགྱུར་བ་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་པ་ལས། མི་དུང་ཕྱུར་བདུན་ཅུ་ལ་བཀའ་བཏང་ནས་འགྱུར་བ་འགྲོ་ཐབས་མེད།
གལ་ཆེ་ཤོས་ནི་སྡུག་བསྔལ་ཡོང་བའི་རྐྱེན་གཙོ་བོ་དེ་ང་ཟེར་བ་འདི་ལས་བྱུང་བ་ཡིན། དེ་ཡང་སངས་རྒྱས་པའི་གཞུང་ནང་ཧ་ཅང་གསལ་པོ་ཡོད། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།།མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།།ཞེས་བླ་མ་མཆོད་པའི་ནང་གསུངས་ཡོད། དེ་བཞིན་ཐེག་ཆེན་གྱི་གཞུང་ཚང་མའི་ནང་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་མང་པོ་གསུངས་ཡོད། མདོར་ན་སྤྱོད་འཇུག་ནང་གསུངས་པ་ལྟར། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། ཞེས་པ་དེ་མགོན་པོ་ཞི་བ་ལྷས་རྒྱ་གར་གྱི་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ལ་གཟིགས་ནས་གསུངས་པ་ཞིག་མ་རེད། དེ་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་དངོས་ཡོད་གནས་ཚུལ་དང་ཏག་ཏག་བསྡད་ཡོད།
ཇི་ཙམ་གྱིས་གཞན་ལ་ཕན་པའི་བསམ་པ་ཡོད་ན་གཞན་གྱིས་གནོད་པ་བསྐྱལ་བ་དང་མགོ་སྐོར་བཏང་ཡོང་སྙམ་པའི་དོགས་པ་དང་ཞེད་སྣང་ཉུང་རུ་འགྲོ་གི་རེད། བསམ་པ་རྣམ་དག་གིས་མི་ལ་ཡག་པོ་དང་བརྩེ་བ། གུས་ཞབས་བཅས་བྱས་པ་ཡིན་ན། སོ་སོ་རྣམ་རྟོག་སྐྱེ་སའི་གཞི་མེད་པ་ཆགས་ནས་སེམས་ནང་སྙིང་སྟོབས་སླེབས་ཏེ་གཞན་ལ་སྐད་ཆ་བཤད་པའི་སྐབས་སོགས་སྤྱོད་ལམ་གང་ཅི་ཕྱི་གསལ་ནང་གསལ་བྱེད་ཐུབ་ཀྱི་རེད། འདོད་རྔམ་དང་གཡོ་སྒྱུ་བྱེད་མཁན་གྱིས་ངས་ཐལ་དྲགས་པའམ། ཡང་ན་དམན་དྲགས་མི་ཡོང་ངམ་སྙམ་པའི་དོགས་པས་སྐད་ཆ་བཤད་པའི་སྐབས་དང་། དེ་མིན་རྣམ་འགྱུར་གང་ཡིན་ཡང་འདྲ་ཆགས་པོ་བྱས་ན་ཕན་ཚུན་དབར་ཡིད་ཆེས་ཡོང་ཐབས་མེད། ཕན་ཚུན་ཡིད་ཆེས་དང་ཕྱི་གསལ་ནང་གསལ་མེད་ན་དོགས་པ་རང་བཞིན་གྱིས་ཡོང་གི་རེད། བཟའ་ཚང་ཕན་ཚུན་ཡིན་ཡང་གཅིག་གིས་གཅིག་ལ་ཡིད་ཆེས་མེད་ཚེ་ཐ་མ་ཁ་བྲལ་འགྲོ་རྒྱུ་རེད། ཕ་མ་བུ་ཕྲུག་བར་ཕན་ཚུན་ཡིད་ཆེས་མེད་ན་ཁ་རྩོད་ཤོར་བ་སོགས་མི་ཤིས་པ་ཡོང་གི་རེད། སུ་ཡིན་ཡང་ཕན་ཚུན་ཡིད་ཆེས་ཡོད་ན་མཉམ་དུ་གནས་ཐུབ་པ་དང་། ཡིད་ཆེས་མེད་ཚེ་ཁ་བྲལ་འགྲོ་ཡི་རེད། ཡིད་ཆེས་ནི་གལ་འགངས་ཆེ་བའི་བདེ་སྐྱིད་ཀྱི་རྩ་བ་ཡིན་པས་ཕན་ཚུན་གཉིས་ཀའི་ངོས་ནས་དྲང་པོ་དྲང་བཞག་དང་། བསམ་པ་རྣམ་དག ཕྱི་གསལ་ནང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ནི་གཞན་ཕན་གྱི་བསམ་པ་ཡོད་ན་ཡོང་ཐུབ་པ་དང་། རང་གཅེས་འཛིན་གྱི་བསམ་བློས་ང་ཞེས་བསྡད་ན་ཡོང་ཐབས་མེད། འཛམ་གླིང་སྟེང་གི་ཆེ་ས་དམག་འཁྲུག་ནས་ཆུང་ས་ཁྱིམ་ཚང་གཅིག་ཁ་བྲལ་འགྲོ་བ་ཚང་མ་རང་གཅེས་འཛིན་གྱིས་བྱས་པ་ཡིན། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་རང་བདེ་འདོད་ལས་བྱུང་།། ཞེས་གསུངས་པ་ནས་ཧ་ཅང་གསལ་པོ་རེད། དེར་བརྟེན་ཆོས་ཀྱི་སྐད་ཆ་གཅིག་པུ་མ་ཡིན་པར་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིར་བདེ་སྐྱིད་དོན་དུ་གཉེར་ཆེད་དངོས་པོ་ཡར་རྒྱས་གཏོང་དགོས་ཀྱང། དེ་གཅིག་པུས་ལྡང་གི་མེད་པར་བརྟེན་བདེ་སྐྱིད་ཡོང་བར་ཕྱོགས་གཞན་ཞིག་ནས་བསམ་བློ་ཡར་རྒྱས་གཏོང་དགོས་པ་རེད། འཛམ་གླིང་ལ་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་དང་སེམས་ནང་ཞི་བདེ་འདོད་ཀྱང་རྣམ་རྟོག་རུ་འཛིངས་པས་མ་སྐྱིད་པ་ཡོང་གི་ཡོད།
ཆོས་ཀྱི་སྐད་ཆ་མ་ཡིན་པར་མི་ཚང་མར་རྣམ་དཔྱོད་ཡོད་པ་དང་། ཚང་མ་མ་ལས་བཙས་ཏེ་ནུ་ཞོས་འཚོ་བ་ཡིན། དེར་བརྟེན་མ་གཙོ་བོར་གྱུར་པའི་གཉེན་ཉེའི་བརྩེ་བས་བསྐྱངས་པའི་འོག་ནས་འཚར་ལོངས་བྱུང་བ་ཡིན་པས། ང་ཚོ་ཚང་མར་ལྷན་སྐྱེས་ཀྱི་བརྩེ་བ་ཡོད། ཆུང་ཆུང་སྐབས་ལ་བྱམས་བརྩེའི་ཚོར་བ་མྱོང་ཤུགས་ཆེན་པོ་ཡོད་ཀྱང་། ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་ནི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་ཁོ་ནའི་ཐོག་འགྲོ་བཞིན་ཡོད་པས། འཚར་ལོངས་ཀྱི་དུས་རིམ་ནང་ཕྱི་རོལ་གྱི་ཟང་ཟིང་དང་། ཧམ་ཤེད། རྫུན་བཤད། མགོ་སྐོར་གཏོང་བ་བཅས་ཀྱིས་དངུལ་གསོག་ཐུབ་ཀྱི་ཡོད་ཀྱང། སྤྱི་ཚོགས་ལ་བྱམས་བརྩེ་ཟེར་བ་འདི་གལ་ཆེན་པོ་རེད། འགའ་ཞིག་གིས་མི་ཚེ་བསྐྱལ་བར་བྱམས་བརྩེ་གལ་ཆེན་པོ་མིན་ཞེས་བཤད་མཁན་ཡོད། ཡིན་ནའང་། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་ཁྲོད་བྱམས་བརྩེ་མེད་མཁན་ལ་བདེ་སྐྱིད་མེད་པ་ཧ་ཅང་གསལ་པོ་རེད། འཛམ་གླིང་གི་རྙོག་དྲ་ལ་ཆ་བཞག་ན་ལོ་རྒྱུས་ཐོག་ནོར་འཁྲུལ་ཚབས་ཆེན་ཤོར་ཏེ་དུས་རབས་ཉི་ཤུའི་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བཏང་ནས་མི་ས་ཡ་ཉིས་བརྒྱ་ཙམ་བསད་ཡོད། དེ་དག་ནི་གཞན་གྱི་སྲོག་ལ་རིན་ཐང་མ་བརྩིས་པར་སོ་སོའི་དབང་དང་ཁེ་ཕན་དང་། དགྲ་དང་རང་ཕྱོགས་ཟེར་བའི་ཕྱོགས་རིས་ཀྱིས་དགྲ་བོ་གཏོར་ཐུབ་ན་དཔའ་བོ་དང་རྒྱལ་ཁར་བརྩིས་པ་ལས། དགྲ་བོ་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད་བསམ་པའི་བསམ་ཤེས་ཅི་ཡང་མེད། འཛམ་གླིང་གི་ལོ་རྒྱུས་ལམ་དེའི་ཐོག་ལ་སོང་ཡོད་པ་རེད། སྔོན་ཆད་ཀྱི་ལམ་དེའི་ཐོག་བསྐྱོད་དེ་མི་གྲངས་དུང་ཕྱུར་བདུན་ཅུ་བདེ་ཞིང་སྐྱིད་པ་ཞིག་ཡོང་གི་ཡོད་ན་འགྲིགས་ཀྱང་། དེ་ནི་ནམ་ཡང་ཡོང་ཐབས་མེད། འོ་ན་སྡུག་སྒོམ་བརྒྱབ་ནས་སྡོད་རྒྱུ་རེད་དམ་ཞེ་ན་དེ་ལྟར་མིན། མི་ལ་འགྱུར་བ་འགྲོ་རྒྱུ་ཡོད་པ་རེད། འགྱུར་བ་དེ་ཡང་ཕྱིའི་ལྟོ་གོས་ཀྱི་འགྱུར་བ་མིན་པར་ནང་བསམ་བློའི་འགྱུར་བ་སྟེ་ཇི་ལྟར་བྱས་ན་བདེ་སྐྱིད་ཡོང་བ་དང་། ཇི་ལྟར་བྱས་ན་སྡུག་བསྔལ་ཡོང་བ་དེའི་རྒྱུ་གང་ཡིན་པ་ཤེས་པ་བྱེད་དགོས། དཔེར་ན་ཕྱིའི་དངོས་པོ་དུག་ཅན་གྱིས་མི་ལ་གནོད་ཀྱི་ཡོད་པས་དེ་དུག་ཡིན་པར་ངོས་བཟུང་ནས་ཕར་འཇོག་པ་དང་། སྨན་འདིས་ཕན་གྱི་རེད་ཟེར་ནས་ཚུར་ལེན་པ་ལྟར། ནང་བསམ་བློར་མཚོན་ནའང་ཕན་གནོད་ཀྱི་རང་བཞིན་མང་པོ་ཞིག་ཡོད་པས་དེ་དག་ཤེས་པ་བྱས་ནས་དོན་གཉེར་བྱེད་དགོས་པ་ཡིན།
སྡུག་བསྔལ་ནི་རྣམ་རྟོག་གི་རུ་འཛིངས་པ་ནས་བྱུང་བ་དང་། བདེ་བ་ནི་ཕན་ཚུན་བརྩེ་བ་དང་ཡིད་ཆེས་ལས་བྱུང་བ་ཡིན། ཡིད་ཆེས་ཡོད་ན་ཕན་ཚུན་གྲོགས་པོ་ཆགས་ཐུབ། གྲོགས་པོ་ཡོད་ན་འཇིགས་སྣང་མེད་པར་བློ་བདེ་པོར་གནས་ཐུབ་པ་དང་། མི་སུ་ཐུག་ཀྱང་ཚང་མ་གཅིག་པ་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས། ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན། བདེ་སྡུག་གི་རྩ་བ་སེམས་ལ་ཐུག་ཡོད། ཕྱིའི་འགལ་རྐྱེན་མཐའ་དག་སེལ་ཐབས་མེད་ཀྱང་། རྐྱེན་ངན་སྣ་ཚོགས་འཕྲད་སྐབས་སེམས་ནང་བྱམས་བརྩེ་ཡོད་ན་ཞི་བདེའི་ངང་གནས་ཐུབ། དེ་ལྟར་ཡོང་བར་འབད་བརྩོད་བྱེད་དགོས། དེར་བརྟེན་རྒྱ་གར་གྱི་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(Secular ethics) ཟེེར་བ་ནི་ཆོས་དང་མ་འབྲེལ་བར་འགྲོ་བཞིན་ཡོད་པ་རེད། རྒྱ་གར་གྱི་རྩ་ཁྲིམས་ཡིན་ནའང་ཆོས་ལུགས་རིས་མེད་ (Secular) གཞི་རྩ་ལ་བཞག་ཡོད་པ་གལ་ཆེན་པོ་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་ལ་ཆོས་ལུགས་རིས་མེད་ (Secular) ཟེར་དུས་ཆོས་ལ་ངོ་རྒོལ་གྱི་མཐོང་ཚུལ་ཡོད་པ་དེ་གཉིས་ཐ་དད་རེད།
གང་ལྟར་ཆོས་ཕྱོགས་ནས་ཆོས་བརྒྱུད་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གལ་ཆེན་པོར་གསུངས་ཡོད། ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་ནི་བྱམས་བརྩེ་ལ་ཡིད་ཆེས་ཡོང་བ་དང་། བྱམས་བརྩེའི་ཉམས་ལེན་ལ་ནུས་ཤུགས་ཐོན་པའི་ཆེད་དུ་རེད། འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་ལ་ཆ་བཞག་ནའང་། སྣོད་བཅུད་ཐམས་ཅད་ཁོང་གིས་བཟོས་ཤིང་ཁོང་གི་ཕྱག་ཏུ་ཡོད་པ་རེད་ཅེས་བརྗོད་ཡོང་དུས། ཁོང་གི་རྗེས་སུ་འབྲངས་མཁན་རྣམས་བྱམས་བརྩེ་ཉམས་ལེན་ཁ་ཞེ་གཉིས་མེད་བྱ་རྒྱུར་ཕན་ཐོགས་ཡོང་གི་ཡོད། ཡི་ཤུའི་ཆོས་པ། ཁ་ཆེའི་ཆོས་པ། ཧིན་རྡུའི་ཆོས་པ། འཇེའུ་ཆོས་པ་སོགས་ཆོས་པ་མང་པོ་ཞིག་གིས་བསམ་པ་རྣམ་དག་ཐོག་ནས་མི་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད། དཔེར་ན་ཡི་ཤུའི་ཆོས་པ་ལ་མཚོན་ན་རྒྱ་གར་གྱི་གྲོང་གསེབ་སྐྱོ་པོ་དེ་འདྲའི་ནང་ཕྱིན་ནས་སློབ་སྦྱོང་སྤྲོད་པ་དང་། སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བ་སོགས་མང་པོ་མཐོང་རྒྱུ་འདུག ཁོང་ཚོས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་བྱེད་པ་དེ་སོ་སོའི་ཆོས་དད་ཀྱི་ཐོག་ནས་བྱུང་བ་རེད། དེར་བརྟེན་རིགས་འགའ་ཤས་ལ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་ཀྱིས་ཕན་གྱི་ཡོད།
དེ་ནས་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ནི་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པ་གསུམ་རེད། ཐམས་ཅད་རྒྱུ་དང་འབྲས་བུའི་ཐོག་ནས་ཡོང་གི་ཡོད་པ་རེད། དེའི་སྐབས་ཀྱི་རྒྱུ་ཟེར་བ་ནི་བྱ་སྤྱོད་ལ་གསུངས་པ་སྟེ། ཇི་ཙམ་མི་ལ་ཕན་པའི་བྱ་བ་བྱས་ན་བདེ་སྐྱིད་ཡོང་བ་དང་། ཇི་ཙམ་མི་ལ་གནོད་པའི་བྱ་བ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད་ཅེས་བརྗོད་ནས་བྱམས་བརྩེ་གོང་དུ་སྤེལ་བའི་ཐབས་ཤེས་བྱེད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གསུམ་གྱི་ནང་ནས། གྲངས་ཅན་པ་དང་གཅེར་བུ་བས་འཇིག་རྟེན་བཀོད་པ་པོ་རྟག་པ་རང་བྱུང་གི་སྐྱེས་བུ་མི་འདོད་ཀྱང་། རྟག་གཅིག་རང་དབང་གི་བདག་འདོད་གི་ཡོད་པ་རེད། ནང་པ་སངས་རྒྱས་པས་སྐྱབས་སུ་འགྲོ་བའི་ཡུལ་རྟག་པ་རང་བྱུང་གི་སྐྱེས་བུར་འདོད་ཀྱི་ཡོད་པ་མ་རེད་ལ། སྐྱབས་སུ་འགྲོ་མཁན་གང་ཟག་ལའང་རྟག་གཅིག་རང་དབང་བའི་བདག་ཡོད་པ་མ་རེད་ཅེས་གསུངས་ཀྱི་ཡོད་པ་རེད། རྟག་གཅིག་རང་དབང་གི་བདག་ཡོད་པ་ཡིན་ན། དེ་འགྱུར་བ་འགྲོ་བ་ལ་རྙོག་དྲ་ཡོད། སངས་རྒྱས་པའི་ཆོས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་འགྱུར་བ་འགྲོ་རྒྱུ་ཡོད་པ་ཞིག་ཏུ་གསུངས་ཏེ། རྒྱུ་དང་རྐྱེན་ལ་བརྟེན་ནས་སྣ་ཚོགས་པའི་འགྱུར་བ་འགྲོ་བའི་གཞི་རྩ་དེའི་སྟེང་གསུངས་ཡོད། འགྱུར་བའི་གཞི་རྩ་ཡོད་དུས་འགྱུར་བ་གཏོང་འདོད་ཀྱི་འདོད་པ་ཡོད་ཅིང་། འགྱུར་བ་བཏང་ནས་འབྲས་བུ་ཐོན་ཐུབ་པ་རེད། འགྱུར་བ་གཏོང་ཐབས་མེད་པ་ཞིག་ཡིན་ཚེ་འགྱུར་བ་བྱུང་ན་བསམ་པ་ཙམ་ལས་ཁ་ཡོད་ལག་ཡོད་ཀྱི་འགྱུར་བ་འགྲོ་ཐབས་མེད་པ་ཆགས་ཡོད། འཛམ་བུ་གླིང་འདིར་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མས་མི་ལ་བྱམས་བརྩེ་དགོས་གསུངས་པ་ནི་ཕན་ཐོགས་ཀྱི་ཡོད་པས་རེད། ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་འདས་པའི་ལོ་སྟོང་ཕྲག་ཁ་ཤས་རིང་ཕན་ཐོགས་བྱུང་ཡོད་པ་དང་། མ་འོངས་པ་ལའང་ཕན་ཐོགས་ཡོད་པ་ཡིན་པས་ཆོས་བརྒྱུད་ཚང་མ་ལ་བརྩི་བཀུར་དང་མཐུན་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
ངོས་ཀྱི་མི་ཚེ་འདིར་རིམ་པ་གཉིས་པ་རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཡོད་པ་ངོས་འཛིན་གྱིས་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་ཞེས་གོ་སྐབས་ཡོད་ཚད་ལ་བརྗོད་ཀྱི་ཡོད་པ་ལྟར་ཕན་ཐོགས་ཀྱང་གང་ལ་གང་འཚམས་ཡོང་གི་འདུག
ཕྱིའི་རྣམ་པ་ལ་བལྟ་སྐབས་དངོས་པོའི་ཡར་རྒྱས་སྐོར་ཡིད་དུ་འོང་བ་ཞིག་མངོན། འོན་ཀྱང་ནང་དོན་ལ་ཞིབ་ཏུ་བལྟས་ཚེ་མི་དྲང་བ་དང་བཤུ་གཞོག་གཏོང་བ། ལྐོག་ཟ་རུལ་སུངས་སོགས་རྙོག་དྲ་མང་པོས་རྒྱུན་དུ་སེམས་ཁྲལ་བཟོ་བཞིན་ཡོད། ཆོས་ནི་སེམས་རྒྱུད་ལ་ཞི་བདེ་ཡོང་བའི་རྒྱུ་གཙོ་བོ་ཆགས་ཡོད། སེམས་ཀྱི་ཞི་བདེ་ནི་འཕྲུལ་ཆས་ཀྱིས་བཟོ་མི་ཐུབ་པར་བྱམས་བརྩེའི་ཉམས་ལེན་ལས་ཡོང་བ་ཡིན། དེར་བརྟེན་དུས་རབས་ཉེར་གཅིག་པའི་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་དང་མཉམ་དུ་ཆོས་ལའང་ལས་འགན་གལ་ཆེན་པོ་ཞིག་ཡོད། ཆོས་པ་ཚོས་ལྷག་བསམ་རྣམ་དག་ཐོག་ནས་ཆོས་ཉམས་ལེན་བྱེད་དགོས། དགོན་པ་དང་ལྷ་ཁང་སོགས་ཀྱི་ནང་རང་ཉིད་གྲལ་འགོར་སྡོད་སྐབས་རྩ་ཆེན་པོ་ཡིན་བསམ་པའི་ཚོར་སྣང་ཡོང་སྲིད། འོན་ཀྱང་ལྷ་ཁང་ནས་ཕྱིར་ཐོན་མ་ཐག་བཟང་སྤྱོད་ཀྱི་བསམ་བློ་དོར་བ་ཡིན་ན་དགོས་པ་གང་ཡང་མ་བྱུང་བ་ཡིན། ཆོས་ཀྱི་གཞུང་ནས་གསུངས་པའི་བྱམས་པ་དང་བརྩེ་བ། བཟོད་བསྲན། དྲང་བདེན་སོགས་ཀུན་སྤྱོད་བཟང་པོའི་རིན་ཐང་དེ་དག་ཉིན་རེའི་མི་ཚེའི་ནང་ཉམས་ལེན་བྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་འདྲ་བྱུང་བ་ཡིན་ན་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ངེས་ཡིན།
སེམས་འཁྲུག་ནས་སྡོད་སྐབས་ཆོས་ཀྱིས་སེམས་ལྷོད་པོ་བཟོ་ཐུབ་པས་སེམས་ཀྱི་ཞི་བདེ་བསྐྲུན་མཁན་གཙོ་བོ་གཅིག་ཆོས་ཕྱོགས་ནས་ཡོང་གི་ཡོད། དེར་བརྟེན་ཆོས་ལུགས་ཕན་ཚུན་འབྲེལ་བ་དང་གོ་རྟོགས་སྤེལ་རེས་ཡག་པོ་མ་བྱུང་བའི་དབང་གིས་ཆོས་འདི་རྙོག་གྲ་བཟོ་མཁན་ལྟ་བུ་ཆགས་ན་ཧ་ཅང་བློ་ཕམ་ཡིན། རྒྱ་གར་ནང་ཆོས་ལུགས་འདྲ་མིན་ཁག་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པ་དེ་མིག་དཔེ་བལྟས་ཏེ། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་ཤུགས་ཆེ་ཙམ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན། ཨ་རིའི་ནང་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་གྱི་དོན་རྐྱེན་བྱུང་སྟེ་ལོ་གཅིག་འཁོར་བའི་དུས་དྲན་སྐབས་མི་མང་པོ་ཞིག་གིས་ཁ་ཆེའི་ཆོས་ལུགས་དེ་དྲག་རྩུབ་ཀྱི་ཆོས་ལུགས་ལྟ་བུར་ངོས་འཛིན་བྱེད་པ་ནི་ནོར་འཁྲུལ་ཡིན་སྐོར་ངོས་ནས་གསལ་སྟོན་བྱས་པ་ཡིན། མི་རེ་ཟུང་གི་བྱ་སྤྱོད་དེ་ཆོས་ལུགས་ཡོངས་རྫོགས་ཐོག་འགེབས་པ་ནི་ནོར་འཁྲུལ་རེད། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་ནི་ཁ་ནས་འདྲ་ཆགས་པོ་བཤད་དེ་སྡོད་རྒྱུ་ཞིག་མིན་པར། དོན་དངོས་ཐོག་ཆོས་ལུགས་ཕན་ཚུན་བར་ཁ་ཞེ་གཉིས་མེད་ཀྱི་གུས་བརྩི་དང་། ཡི་རང་སྔགས་བརྗོད་ཞུ་དགོས། འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་ནང་པ་བྱེད་དགོས་པའམ། ཡང་ན་ཡི་ཤུ་བྱེད་དགོས་པ་ཞེས་བརྗོད་ན། དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་རེད། ཆོས་ལུགས་ཁག་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གནས་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་གནས་རྒྱུ་ཡིན་པར་བརྟེན། ང་ཚོས་འདོད་ཀྱང་རུང་མ་འདོད་ཀྱང་རུང་གང་ལྟར་འཛམ་གླིང་འདིའི་ནང་མཉམ་དུ་སྡོད་དགོས།
ངོས་ཀྱིས་སྒྲུང་ཞིག་བཤད་ན། ཨོ་སི་ཁྲི་ལི་ཡར་མི་མང་གཏམ་བཤད་ཅིག་གི་ (Public talk) སྐབས་སུ་ངོས་ངོ་སྤྲོད་བྱེད་མཁན་ཡི་ཤུའི་ཆོས་པ་སྤྱི་ཚོགས་ལ་ཞབས་འདེགས་མང་པོ་ཞུ་མཁན་ཞིག་ཡོད། ཁོང་གིས་ངོ་སྤྲོད་སྐབས་སུ་ཏཱ་ལའི་བླ་མ་ནི་ཡི་ཤུའི་ཆོས་པ་ཡག་པོ་ཞིག་རེད་ཅེས་བཤད་སོང་། དེ་རྗེས་ངོས་ཀྱིས་གཏམ་བཤད་བྱེད་སྐབས་གོང་གི་ལན་འདེབས་གྱི་ཚུལ་དུ་ཁོང་ཡང་ནང་པ་ཡག་པོ་ཞིག་རེད་ཅེས་བརྗོད་པ་ཡིན། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་སྤྱི་ཚོགས་ལ་ཞབས་འདེགས་མང་པོ་ཞུ་མཁན་ཧིན་རྡུའི་བླ་མ་ཧ་ཅང་ཡག་པོ་ཞིག་ཡོད་པ་ཁོང་མཇལ་ནས་ནང་པ་དང་ཧིན་རྡུའི་སྐོར་ལ་སྐད་ཆ་བྱུང་བར། ཧིན་རྡུའི་ཆོས་ལུགས་དང་ནང་པ་གཉིས་ནས་ཞི་གནས་དང་ལྷག་མཐོང་སྒྲུབ་ཀྱི་ཡོད། དེ་བཞིན་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་སོགས་གཅིག་པ་རེད། ཁྱད་པར་ནི་རྟག་གཅིག་རང་དབང་བའི་བདག་འདོད་དང་མི་འདོད་པ་དེ་ཡིན་པས་དེ་ནི་སོ་སོར་གང་གིས་ཕན་པ་དེ་བྱས་ན་འགྲིག་གི་རེད་ཅེས་བརྗོད་པ་ཡིན། དེར་བརྟེན་ཆོས་ལུགས་ཁག་མཐུན་སྒྲིལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཆོས་ལུགས་འཆམ་མཐུན་མ་ཡིན་པར་ང་ཚོ་དང་ཁོང་ཚོ་ཞེས་བཤད་ཀྱང་ལོ་སྟོང་ཕྲག་གསུམ་རིང་གནས་ཡོད་ལ། ད་དུང་ཡང་མུ་མཐུད་གནས་རྒྱུ་ལས་མེད་པ་བཟོ་ཐུབ་ཀྱི་མ་རེད། ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་འདུ་ཞིག་གི་ཐོག་ངོས་ནས་ཡི་ཤུ་ཆོས་པ་ཚོས་ཆོས་ལུགས་གཞན་ལ་མ་དགའ་བ་བྱས་ཀྱང་ཆོས་ལུགས་གཞན་དག་མུ་མཐུད་གནས་གནས་རྒྱུ་དང། དེ་བཞིན་ནང་པ་ཞིག་གིས་ཆོས་ལུགས་གཞན་ལ་མ་དགའ་བ་བྱས་ཀྱང་དེ་བཞིན་ཡིན། དེ་བས་འཆམ་པོ་བྱས་ཚེ་ཡག་པོ་རེད་ཅེས་བརྗོད་པ་ཡིན།
ངོས་རང་ནང་པ་ཞིག་དང་དེའི་ནང་ནས་དགེ་སློང་ཞིག་ཡིན། བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་དང་མོས་པར་བསྟུན་ཏེ་ཐེག་པ་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བ་གསུངས་ཡོད། དེ་གང་ཡིན་ཞེ་ན། གང་ཟག་བྱེ་བྲག་པ་སོ་སོའི་ཁམས་དང་མོས་པ་དེ་གལ་ཆེན་པོ་ཞིག་ཏུ་གཟིགས་ཏེ། སྙིང་སྟོབས་ཆེ་ཆུང་ལ་གཞིགས་པས་ཐེག་པ་རིམ་པ་མི་འདྲ་བ་དང། བློ་དང་རྣམ་དཔྱོད་ཆེ་ཆུང་ལ་གཞིགས་ནས་གྲུབ་མཐའ་མི་འདྲ་བ་དེ་དག་གསུངས་ཡོད། དེ་ལ་བསམ་བློ་བཏང་ན་འཛམ་གླིང་འདིར་ལོ་སྟོང་ཕྲག་གཉིས་གསུམ་ནང་ཡུལ་དུས་གནས་ཚུལ་མི་འདྲ་བའི་འོག་ནས་ཆོས་ལུགས་ལྟ་གྲུབ་མི་འདྲ་བ་མང་པོ་བྱུང་ཡོད། དེ་དག་ཚང་མས་བྱམས་པ་དང་བརྩེ་བ་ཞེས་པ་འདི་གཅིག་གྱུར་དུ་གསུངས་ཡོད། ལག་ལེན་འཁེལ་མིན་ལ་མ་ལྟོས་པར་གཞི་རྩའི་ཆ་ནས་བྱམས་བརྩེ་བརྗོད་མཁན་ཤ་སྟག་ཡིན་པས་ཚང་མར་ཐུན་མོང་ཉམས་ལེན་གྱི་གཞི་རྩ་ཞིག་ཡོད་པ་ཡིན།
ལྟ་གྲུབ་མི་འདྲ་བ་དེ་དག་དགོས་ངེས་ཡིན། ནང་པ་རང་ལའང་ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད། ཆོས་ལུགས་མི་འདྲ་བ་ཡིན་ཡང་སེམས་འདུལ་བ་ལ་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། ཁྲིམས་སྲུང་བ་སོགས་ཚང་མ་གཅིག་གྱུར་ཡིན་སྟབས། ཆོས་ལུགས་ཁག་མཐུན་སྒྲིལ་བྱེད་པའི་གཞི་རྩ་ཡོད། ཆོས་ལུགས་ཁག་མཐུན་སྒྲིལ་མེད་ན་དེའི་རྐྱེན་གྱིས་མི་མང་པོ་ཞིག་དོན་མེད་ཚེ་སྲོག་ཤོར་གྱི་ཡོད། སྤྱིར་འཛམ་གླིང་འདིའི་ཐོག་འཁྲུག་པ་རྒྱག་པའི་གཞི་རྩ་དཔལ་འབྱོར་དང་། ཆབ་སྲིད། དབང་ཆའི་འཐབ་རྩོད་སོགས་མང་པོ་ཡོད། དེའི་ཐོག་ཆོས་ལུགས་ཀྱང་འཐབ་རྩོད་དེའི་ཁྲོད་ཕྱིན་ན་ཧ་ཅང་ཐབས་སྐྱོ་པོ་དང་ཤིན་ཏུ་མ་འོས་པ་རེད། དེར་བརྟེན་ངོས་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད། དེ་ཡང་མི་འགྲུབ་པ་ཞིག་དང་ཡོང་མི་སྲིད་པ་ཞིག་ལ་ཨུ་ཚུགས་བྱེད་པ་མིན། རྒྱ་གར་ནི་འདིའི་ཐད་ཀྱི་དཔེ་མཚོན་ཞིག་ཡིན། མི་འབོར་མང་པོ་ཡོད་པའི་ལུང་པ་འདིའི་ནང་ལོ་སྟོང་ཕྲག་གསུམ་རིང་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་ཡོད་པ་ཚང་མས་ཕན་ཚུན་ངོས་འཛིན་བྱས་ཏེ་གནས་ཡོད། རེ་ཟུང་གི་ཐོག་ནས་རྙོག་དྲ་ཕྲན་བུ་ཡོང་གི་ཡོད་ཀྱང་། སྤྱིའི་ཆ་ནས་རྒྱ་གར་ནི་ལོ་སྟོང་ཕྲག་རིང་ལ་ཆོས་ལུགས་མཐུན་སྒྲིལ་ཡོད་པའི་རྒྱལ་ཁབ་ཀྱི་ཚད་འཛིན་ས་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ཡིན། རྒྱ་གར་ལུང་པ་ཆེན་པོ་འདིའི་ནང་ལོ་སྟོང་ཕྲག་རིང་། ཆོས་ལུགས་མཐུན་འབྲེལ་དུ་གནས་ཡོད་པར་བརྟེན། འཛམ་བུ་གླིང་ལའང་དེ་ལྟར་ཡོང་སྲིད་པ་དང་ཡོང་ཐུབ་པ་ཞིག་ཡིན་པས་ངོས་ནས་འབད་བརྩོན་བྱས་དང་བྱེད་མུས་སུ་ཡོད་ལ། གང་ལ་གང་འཚམ་གྱི་ཕན་ཐོགས་ཀྱང་བྱུང་ཡོད། ངོས་རང་ནང་པ་ཞིག་ཡིན་པའི་ངོས་ནས་འདིའི་ཐད་འབད་བརྩོན་བྱེད་ཀྱི་ཡོད།
ངོས་རང་ཆོས་པ་ཞིག་ཡིན་པའི་ངོས་ནས། འཛམ་གླིང་གི་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མས་བྱམས་བརྩེ་ཉམས་ལེན་བྱེད་དགོས་པ་གཅིག་མཚུངས་གསུང་གི་ཡོད་པ་དང། ཆོས་ལུགས་གཙོ་ཆེ་བ་ཚང་མའི་བསླབ་བྱ་གཙོ་བོ་འཚེ་བ་མེད་པ་ཞེས་པ་འདི་གཅིག་གྱུར་དུ་གསུང་གི་ཡོད། འཚེ་བ་མེད་པ་ནི་བྱམས་བརྩེ་ཡིན། བྱམས་བརྩེ་ཉམས་ལེན་གྱི་འགལ་རྐྱེན་ཁོང་ཁྲོ་ཡིན། དེའི་གཉེན་པོ་བཟོད་པའི་ཉམས་ལེན་དང་། སུ་ཞིག་གིས་གནོད་པ་བྱས་ཀྱང་དེ་ལ་འཁོན་འཛིན་མི་བྱེད་པ་དེ་དག་གཅིག་གྱུར་ཡིན། མིའི་ཁམས་དང་མོས་པ་མི་འདྲ་བ་ལ་ལྟ་གྲུབ་ཀྱང་མི་འདྲ་བ་དགོས་པ་ཡིན། ང་རང་སྒེར་གྱི་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་ཉམས་ལེན་བྱས་པ་ལ་བརྟེན་སྙིང་རྗེའི་བློ་ཕྲན་བུ་ཞིག་སྐྱེ་གི་འདུག ཡིན་ནའང་། མི་གཞན་ལ་སྙིང་རྗེའི་བློ་སྐྱེ་སྟངས་དེ་ནང་པའི་ཆོས་ཀྱི་དགོངས་དོན་ལྟར་སྐྱེ་དགོས་ཞེས་བརྗོད་མི་ཐུབ་ལ་བརྗོད་ཀྱི་ཡང་མེད། ནང་པའི་ཆོས་ཀྱི་སྒོ་ནས་སྤྱི་ལ་ཕན་ཐོགས་གང་ཞིག་བྱེད་རྒྱུ་ཡོད་པ་དེའི་ཐད་བསམ་བློ་གཏོང་བ་ལས། ནང་པའི་ཆོས་ཇི་ལྟར་སྤྱི་ལ་སྤེལ་ཐབས་སྐོར་བསམ་བློ་ནམ་ཡང་གཏོང་གི་མེད།
ནང་ཆོས་ཀྱི་ཐོག་ནས་སེམས་ཅན་སྤྱི་ལའང་ཞབས་འདེགས་རྒྱ་ཆེན་པོ་ཞིག་བསྒྲུབ་ཐུབ་པ་དང་། ཕན་ཐོགས་ཀྱང་ཡོང་ངེས་ཡིན། རྒྱུ་མཚན་ནི་ནང་པའི་ཆོས་འདི་དད་པ་གཅིག་པུ་མིན་པར་རྒྱུ་མཚན་ལ་དཔྱད་པ་བྱེད་དགོས་ཀྱི་རྒྱུ་ཡོད། མདོར་ན། དངོས་ཡོད་ཀྱི་ཐོག་ནས་མིའི་སེམས་ལ་སྦྱོང་བརྡར་བྱེད་རྒྱུ་ཞིག་ཡིན་སྟབས། དེང་སྐབས་ཚན་རིག་པ་དང་། རྣམ་ཀུན་ཆོས་ལ་དོ་སྣང་མེད་མཁན། ཆོས་ལ་ངོ་རྒོལ་བྱེད་མཁན་བྱེད་མཁན་བཅས་ཀྱི་ཁྲོད་ནང་པའི་ཆོས་ལ་དོ་སྣང་དང་། དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ང་ཚོས་ཆེད་དུ་གཉེར་ནས་ནང་ཆོས་སྤེལ་གྱི་མེད། ཆོས་ལུགས་གཞན་གྱི་ཆོས་པ་ནང་ཆོས་ལ་དད་པ་མེད་མཁན་ཞིག་གློ་བུར་ནང་ཆོས་ལ་བསྒྱུར་ན་ཡག་པོ་མེད། མ་འོངས་པར་དཀའ་ངལ་འཕྲད་སྲིད་ཅེས་བརྗོད་ཀྱི་ཡོད། མི་སྒེར་བ་རང་ངོས་ནས་དུས་ཡུན་རིང་པོའི་ནང་བསམ་བློ་ནན་ཏན་བཏང། དཔྱད་པ་བྱས་ནས་མཐའ་གཅིག་ཏུ་ནང་པའི་ཆོས་དེ་རང་ཉིད་ལ་རན་པ་ཞིག་མཐོང་ན་ཆོས་དད་རང་མོས་རེད། ནང་པ་བྱེད་མི་ཆོག་པར་བརྗོད་མཁན་མེད། འོན་ཀྱང་། ནང་པ་བྱས་ཟིན་རྗེས་སྔར་རང་གི་ཆོས་ལུགས་ལ་དམན་པར་བལྟས་ནས་འཕྱའ་སྨོད་བྱེད་མི་རུང་། དེས་མི་ས་ཡ་མང་པོར་ཕན་ཐོགས་བྱེད་བཞིན་ཡོད་ཅེས་བཤད་ཀྱི་ཡོད། ང་རང་གིས་མཐོང་ཚུལ་དང་། བསམ་ཚུལ་འདི་ལ་ཡིད་ཆེས་ཀྱིས་གཞན་ལ་བརྗོད་ཀྱི་ཡོད། གཞན་གྱིས་ཚུར་ཇུས་གཏོགས་བྱེད་མཁན་ཡོང་སྐབས་བརྗོད་བདེ་པོ་ཡོང་གི་འདུག
སོག་ཡུལ་དུ་སླེབས་སྐབས་ཤིག་ལ་སོག་ཡུལ་ནང་ཡེ་ཤུའི་ཆོས་སྤེལ་མཁན་གང་འཚམས་ཤིག་གིས་ཡེ་ཤུའི་ཆོས་སྤེལ་རྒྱུར་ཤུགས་རྒྱག་གི་ཡོད་བཟོ་འདུག དེ་ལ་ངོས་ནས་ནན་ཏན་བྱས་ཏེ་བཤད་པ་ཡིན། ཡེ་ཤུའི་ལུང་པར་ནང་པའི་ཆོས་སྤེལ་དགོས་ཞེས་ངོས་ནས་བརྗོད་ཀྱི་མེད། ཡེ་ཤུའི་ལུང་པའི་ནང་ལ་རང་གི་ཕ་མེས་ཀྱི་ཆོས་བྱས་ན་ལེགས་ཞེས་རྟག་ཏུ་བརྗོད་ཀྱི་ཡོད། འོན་ཀྱང་། ས་ཆ་འདི་ནང་པའི་ལུང་པ་རེད། ནང་པའི་ལུང་པའི་ནང་དུ་ནང་པ་རང་བྱས་ན་ལེགས་པ་ཡོད། སོ་སོའི་ཕ་མེས་ཀྱི་ཆོས་དེ་ཕར་བཞག་ནས་ཆོས་གཞན་ཞིག་བྱས་ན་དཀའ་ངལ་འཕྲད་ངེས་རེད་ལ། ཡག་པོ་མེད་ཅེས་སྤོབས་པ་མཐོན་པོའི་སྒོ་ནས་བཤད་པ་ཡིན་། དེ་དང་ཆབས་ཅིག་ཡེ་ཤུའི་ཆོས་སྤེལ་མཁན་གྱི་བླ་མ་འགའ་ཤས་ཐུག་འཕྲད་བྱུང་། ཁོང་ཚོ་ལའང་དེ་བཞིན་བཤད་པ་ཡིན།
ཆོས་བརྒྱུད་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་རྒྱག་པ་དང་། མི་ནང་ཁུལ་ལ་འགལ་ཟླ་ཆགས་པ། ཁྱིམ་ཚང་གཅིག་གི་ནང་དུའང་ཆོས་བརྒྱུད་མི་འདྲ་བས་འགལ་ཟླ་ཡོང་བ་སོགས་ཀྱི་སྐྱོན་ཆའི་རིགས་རྣམས་སེལ་དགོས་པ་དང། ལེགས་པའི་ཆ་རྣམས་གོང་དུ་སྤེལ་རྒྱུའི་དམིགས་ཡུལ་བཟུང་ནས་འཆམ་མཐུན་ཡོང་བའི་རེ་བ་རྒྱག་དགོས། འདས་པའི་དུས་སུའང་ཆོས་བརྒྱུད་དེ་དང་དེས་མི་ས་ཡ་མང་པོ་ལ་ཕན་ཐོགས་བྱུང་ཡོད་ལ། ད་ལྟ་ཡང་ཕན་ཐོགས་བྱེད་བཞིན་ཡོད། མ་འོངས་པར་ཡང་ཕན་ཐོགས་ཡོང་གི་རེད་བསམ་ནས་དག་སྣང་སྦྱོང་བ་དང་། དད་མོས་བྱེད་ཀྱི་ཡོད། དེ་ལྟ་བུའི་ཐོག་ནས་ཆོས་ལུགས་འདྲ་མིན་ཚང་མ་མཐུན་པོ་དང་། ཐུན་མོང་གི་ཐོག་ནས་འཛམ་གླིང་འདིར་ཕན་ཐོགས་བྱེད་ཐུབ་ན་ཡག་པོ་རེད་བསམ་ནས། རང་ཉིད་ཀྱི་ཡིད་ཆེས་དང་། དད་པའི་ཐོག་ནས་འགྲོ་གི་ཡོད།
དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་གཞི་བཅོལ་ས་ཕྱི་དངོས་པོའི་གནས་སྟངས་གཙོ་བཟུང་བྱས་ཡོད་པ་ཤེས་གསལ་རེད། ནུབ་ཕྱོགས་སུ་ལོ་ངོ་སྟོང་ཙམ་གྱི་སྔོན་དུ་ཤེས་ཡོན་གྱི་སྒྲིག་འཛུགས་ཐོག་མར་འགོ་འཛུགས་སྐབས་ནང་བསམ་བློའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་རྒྱག་རྒྱུའི་འགན་ཡེ་ཤུའི་ལྷ་ཁང་གིས་འཁྱེར་ཡོད། དེང་སྐབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཀླད་པའི་རྣམ་དཔྱོད་ཡར་རྒྱས་གཏོང་རྒྱུ་གཙོ་བོར་དམིགས་ཏེ། དཀོན་མཆོག་དང་དགེ་སྡིག་གི་སྐད་ཆ་གང་ཡང་མ་བཤད་པར། བུ་བཅོལ་ཁང་ནས་མཐོ་སློབ་བར་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་ནང་བསམ་བློའི་རིན་ཐང་གོང་མཐོར་གཏོང་ཐབས་ཀྱི་སློབ་ཚན་གཏན་འབེབས་བྱ་རྒྱུའི་ཐད་བསམ་བློ་ནན་ཏན་བཏང་སྟེ་ཉམས་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་གསར་འགྱུར་བརྒྱུད་ལམ་དང་། བརྙན་འཕྲིན། རླུང་འཕྲིན་ཁག་ཚང་མའི་ནང་ཚོང་དང་དངུལ་གྱི་སྐད་ཆ་ཁོ་ན་ལས་ནང་བསམ་བློའི་རིན་ཐང་དང་འབྲེལ་བའི་སྐད་ཆ་བཤད་མཁན་ཉུང་ཉུང་རེད།
མཐར་ཐུག་གི་བདེ་བ་ནི་ང་ཚོའི་རྒྱུད་ལ་ཡོད། དཔལ་འབྱོར་དང་དངུལ་གལ་ཆེན་པོ་ཡིན་ནའང་དེས་མཐར་ཐུག་གི་བདེ་བ་སྤྲོད་མི་ཐུབ། ད་ལྟ་འཛམ་གླིང་འདིའི་ཐོག་ཉིན་རེ་བཞིན་ཆོས་དད་མི་འདྲ་བའི་ཐོག་ནས་མི་སྟོང་ཕྲག་མང་པོ་གསོད་རེས་བྱེད་ཀྱི་ཡོད། འབར་མ་དང་། ཤྲི་ལང་གར་ནང་པ་དང་ཁ་ཆེའི་བར་འཁྲུག་པ་རྒྱག་པ་ཧ་ཅང་ཐབས་སྐྱོ་པོ་རེད། ངོས་ཀྱིས་ནམ་རྒྱུན་བརྗོད་ཀྱི་ཡོད། ནང་པ་ཚོས་ཁ་ཆེའི་ཆོས་པར་སྡང་ཟུག་ཡོང་གི་འདུག་ན། དེ་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་ཡིད་ལ་བསྒོམ་དགོས། དམན་ལ་ལྷག་པར་བརྩེ་བའི་བཅོམ་ལྡན་འདས་ཞལ་བཞུགས་ཡོད་ན་རྡུང་རྡེག་མྱོང་མཁན་གྱི་ཉམ་ཐག་ཚོར་རྒྱབ་སྐྱོར་གནང་གི་རེད། ཆོས་ཀྱིས་བྱམས་བརྩེ་གསུངས་ཡོད་པས། གསོད་རེས་གཏོང་མཁན་ཚོ་ཆོས་ལ་དད་པ་ཡོད་ཟེར་བཞིན་དུ་གསོད་རེས་གཏོང་བ་གང་ཡིན་ནམ། དེ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། གནས་ཚུལ་འདི་ལྟ་བུ་ཡོང་དུས་གང་དྲག་ཅི་དྲག་ཅེས་བཤད་དེ་བསྡད་ནས་ཡོང་ཐབས་མེད་པས། ཆོས་པ་ཞིག་ཡིན་པའི་ངོས་ནས་འབད་བརྩོན་བྱེད་དགོས། དེར་བརྟེན་འཛམ་བུ་གླིང་གི་རིས་སུ་མ་ཆད་པའི་ཆོས་ལུགས་ཁག་ཚང་མ་ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས་ཕན་ཚུན་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན་ན་མཐུན་སྒྲིལ་ཡོང་ཐུབ་པ་ཡིན། འཛམ་གླིང་གི་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མ་མཐུན་སྒྲིལ་དམ་གཙང་ཡོང་བར་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།
འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
ངོས་རང་ཆབ་སྲིད་ཀྱི་ལས་འགན་བཞག་ཟིན་ཡང་། བོད་པ་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་བཅས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུའི་འགན་ཡོད། ལྷག་པར་བོད་མི་ས་ཡ་དྲུག་གིས་ངོས་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། རང་བཞིན་གྱིས་སེམས་འཁུར་བྱེད་དགོས་པ་ཞིག་ཆགས་ཡོད། བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཚང་མ་རིགས་པའི་ལམ་ནས་གཏན་ལ་ཕབ་ཐུབ་པའི་ཆོས་བརྒྱུད་ཅིག་ཡིན། ངོས་ཀྱིས་ནམ་རྒྱུན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་འཛམ་གླིང་གི་གཅེས་ནོར་ཡིན་ཞེས་བརྗོད་ཐུབ་ཅེས་བརྗོད་ཀྱི་ཡོད། སེམས་ཀྱི་སྦྱོང་བརྡར་སྤྲོད་པར་བློ་ཕན་ཚུན་གྱི་འཛིན་སྟངས་འགལ་བ་གང་ཞིག་ཡོད་མེད་དང་། དེ་དག་ཇི་ལྟར་གནོད་གཞིར་འགྲོ་བ། འཛིན་སྟངས་མི་འདྲ་བའི་བློ་གང་ཞིག་ལ་རྒྱབ་རྟེན་ཚད་མ་ཡོད་པ། འཛིན་སྟངས་མི་མཐུན་པའི་བློ་གང་ལ་རྒྱབ་རྟེན་ཚད་མ་མེད་པ་སོགས་ཞིབ་ཚགས་པོའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་མཁན་དཔལ་ནཱ་ལེནྡྲ་ནས་བྱུང་བའི་སངས་རྒྱས་པའི་ཆོས་འདི་ལས་ལྷག་པ་མེད། ངོས་ནས་ནམ་རྒྱུན་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་སྐད་གསང་མཐོན་པོའི་ཐོག་ནས་བརྗོད་ཀྱི་ཡོད། བློ་གཟུ་བོར་གནས་པའི་ཚན་རིག་པ་ཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་གསུང་སྟངས་ལ་ཡིད་སྨོན་བྱེད་ཀྱི་འདུག བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཚན་རིག་གི་སྡེ་ཚན་གཅིག ལྟ་གྲུབ་ཀྱི་སྡེ་ཚན་གཅིག ཆོས་ཀྱི་སྡེ་ཚན་གཅིག་བཅས་སུ་དབྱེ་བ་ཡིན་ན། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལ་གང་ལ་གང་འཚམས་ཀྱི་ཞབས་འདེགས་བསྒྲུབ་ཐུབ་པའི་ནུས་པ་ཡོད་པ་མཐོང་གི་འདུག
དེ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཐབས་བྱ་རྒྱུ་འདི་གལ་ཆེན་པོར་བརྩི་ཡི་ཡོད། ང་ཚོ་བོད་མི་རིགས་ལ་མཚོན་ན་ཡང་། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་ལྟ་གྲུབ་དེ་དག་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཆགས་ཡོད། རྒྱུ་མཚན་གཅིག་ནི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་རྒྱ་ཆེ་ལ་གཏིང་ཟབ་པའི་ཆོས་བརྒྱུད་འདི་ཆ་ཚང་སྐད་ཡིག་གཞན་ལ་བརྟེན་མ་དགོས་པར་བོད་སྐད་རང་གི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད། དེང་སྐབས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་འགྲེལ་བཤད་རྒྱག་དགོས་བྱུང་ན་བོད་ཀྱི་སྐད་ཡིག་གཅིག་པུ་ལས་འཛམ་གླིང་སྟེང་མེད། འདི་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་ལ་སྤོབས་པ་བྱེད་ཆོག་པ་ཞིག་ཀྱང་ཡིན། དེར་བརྟེན་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་རིག་གཞུང་གཏིང་ཟབ་དེ་དག་ལ། ཆོས་དད་ཡོད་མེད་ལ་མ་ལྟོས་པར་དོ་སྣང་གིས་སློབ་སྦྱོང་དང། ཞིབ་ཚགས་པོའི་ཐོག་ནས་དཔྱད་ཞིབ་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་ང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་ཚང་མར་འབོད་སྐུལ་བྱེད་བཞིན་ཡོད།
དེ་ནི་ང་ཚོའི་ཆོས་རྒྱལ་རྣམ་དཔྱོད་ཡངས་པ་ཚོས་གནང་པའི་གཟི་བརྗིད་ཅིག་དང་། ལྷག་པར་མཁན་ཆེན་ཞི་བ་འཚོས་ཐུགས་འཁུར་བསྐྱེད་ནས་སངས་རྒྱས་ཀྱི་ཆོས་འདི་བོད་སྐད་རང་གི་ཐོག་ནས་ཐོས་བསམ་སྒོམ་གསུམ་ཆ་ཚང་བྱེད་ཐུབ་པ་དགོས་ཞེས་གསུངས་ནས་བོད་སྐད་ལ་བསྒྱུར་པ་དང་། ཁོང་རང་ཉིད་ནས་བོད་སྐད་སྦྱངས་གནང་བ་རེད་ཅེས་བརྗོད་ཀྱི་འདུག གང་ལྟར་དུས་རབས་བདུན་པ་བརྒྱད་པ་ནས་བཟུང་བོད་ལ་རྒྱ་གར་གཙོ་བོར་བྱས་པའི་ནང་པའི་ཆོས་བསྒྱུར་ཅིང་། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་སྐོར་ཡོད་པའི་ནང་རྒྱ་ནག་ནས་བསྒྱུར་པ་པོ་ཏི་བཅོ་ལྔ་ཉི་ཤུ་ཙམ་ལས་མེད། མང་ཆེ་བ་རྒྱ་གར་ནས་བསྒྱུར་པའི་ལེགས་སྦྱར་དང་པཱ་ལི་ཡིན་པ་དང། བལ་ཡུལ་ནས་ཀྱང་ཡོད་འདུག འདི་དག་ནི་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་བྱེད་ཆོག་པ་ཡིན། བོད་ཡིག་འདི་ཉིད་ནི་པཱ་ལི་དང་། གཙོ་བོ་ལེགས་སྦྱར་སྐད་དང་མིང་ཚིག་རེ་རེ་བཞིན་མཉམ་དུ་འགྲོ་ཐུབ་པའི་ཡི་གེ་ཞིག་ཡིན། འཛམ་གླིང་འདིར་སྤྱིར་ནང་པའི་ཆོས་ལུགས་དང་། ལྷག་པར་དཔལ་ན་ལནྡྲའི་ཆོས་བརྒྱུད་ནི་དད་པའི་ཐོག་ནས་མིན་པར་གཙོ་བོ་རིགས་པའི་ཐོག་ནས་འགྲོ་དགོས་པ་དང་། དེ་ལྟར་འགྲོ་ཐུབ་པའི་ཁྱད་ཆོས་ལྡན་པ་ཞིག་རེད་འདུག
འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མ་ཡག་པོ་རེད། ཡིན་ནའང་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལ་ཡིད་ཆེས་ཁོ་ནའི་ཐོག་མི་འགྲོ་བར་གང་བསྟན་པ་དེ་དག་རྒྱུ་མཚན་ལྡན་པ་ཞིག་ཡིན་མིན་བརྟག་དཔྱད་དང། ལག་ལེན་གྱི་ཐོག་ནས་ཚོད་ལྟ་བྱས་ཏེ། རྒྱུ་མཚན་ལྡན་པ་དང་ཚོད་ལྟ་བྱས་ཏེ་ཕན་ཐོགས་ཡོད་པ་ཞིག་འདུག་ན་ཁས་ལེན་བྱེད་དགོས་གསུངས་ཡོད། དེ་ནི་སྤོབས་པ་ཆེན་པོ་ལྡན་པ་ཞིག་ཡིན། དེར་བརྟེན་ན་ལེནྡྲའི་མཁས་པ་ཀླུ་སྒྲུབ་ལ་སོགས་པས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་སྒྲ་ཇི་བཞིན་པ་ཁས་བླངས་རུང་དང་མི་རུང་དཔྱད་པ་གནང་ཡོད། བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཡིད་ཆེས་བྱེད་དགོས་ཀྱི་ཡོད་ན། བཅོམ་ལྡན་འདས་ཀྱི་བཀའ་ཚང་མ་ཁས་ལེན་དགོས་པ་ཆགས་ཡོད། ཀླུ་སྒྲུབ་ཡབ་སྲས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་ཡོངས་རྫོགས་ཞལ་བཞེས་གནང་གི་མེད། བཅོམ་ལྡན་འདས་ཀྱི་བཀའ་ལ་ཞིབ་འཇུག་གནང་ནས་རིགས་པས་དཔྱད་ཡོང་དུས། བཀའ་འདི་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པར་གནོད་པས་སྒྲ་ཇི་བཞིན་པ་མ་རེད། དེ་དགོས་པའི་དབང་གིས་གསུངས་པ་རེད་ཅེས་དགོངས་པ་བཀྲལ་ཡོད་པ་རེད། དེ་ནི་རླབས་ཆེན་པོ་རེད། དཔལ་ན་ལེནྡྲའི་ཆོས་བརྒྱུད་ཟབ་ཅིང་བརླིང་ལ། མིའི་རྣམ་དཔྱོད་ཕུལ་དུ་བྱུང་བའི་ཐོག་ནས་བྱུང་པའི་ལྟ་གྲུབ་དེ་བོད་ཡིག་ཐོག་ནས་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད། དེང་སྐབས་འཛམ་གླིང་འདིར་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཟབ་ཅིང་རྒྱ་ཆེ་བ་འདི་ཉིད་ལ་གཏིང་ཟབ་པོའི་ཐོག་ནས་འགྲེལ་བཤད་རྒྱག་དགོས་བྱུང་ན་བོད་སྐད་ལ་མ་བརྟེན་ཐབས་མེད་ཆགས་ཡོད། དེང་སང་ལེགས་སྦྱར་སྐད་ཀྱི་ཐོག་མཁས་པ་རེ་གཉིས་ལས་མེད་པ་དང་། ཧིན་རྡི་དང་དབྱིན་ཇི་སོགས་ཀྱི་ནང་དེ་བས་ཀྱང་ཡོད་པ་མ་རེད། འགྲེེལ་བཤད་རྒྱ་ཡིག་ནང་ཡོང་དགོས་ཚོད་ཀྱང་། རྒྱ་ནག་གི་འགྱུར་དང་། བོད་འགྱུར་གཉིས་བསྡུར་སྐབས་བོད་འགྱུར་ཡག་པ་ཡོད་པ་རེད།
ངོས་ནས་ཕལ་ཆེར་འདས་པའི་ལོ་ ༥༠ རིང་འཛམ་གླིང་གི་ནང་པའི་ལུང་པ་འདྲ་མིན་གྱི་མཁས་པ་ཚོ་དང་གོ་བསྡུར་བྱེད་སྐབས། དངོས་གནས་ང་ཚོ་བོད་པར་ཡོད་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་སྤོབས་པ་སྐྱེ་བ་ཞིག་རེད་འདུག ཕྱོགས་གཅིག་ནས་ང་ཚོར་ཡི་གེ་ཡོད་པ་དང། གཉིས་ནས་ཡི་གེ་དེ་ཡང་བརྗོད་བྱའི་དོན་ཟབ་པོ་བསྟན་ཐུབ་པ་ཞིག་ཡོད་པ་འདི་ང་ཚོ་བོད་པའི་གཅེས་ནོར་ཏེ། ནང་གི་ནོར་བུ་དང་ཕྱི་ལ་ངོམ་རྒྱུ་འདི་ཡིན། ངོས་རང་མཁས་པ་དང་། ཚན་རིག་པ་མང་པོ་ཐུག་སྐབས་ཉམས་དམའ་མི་དགོས་པར་འདྲ་མཉམ་གྱི་ཐོག་ནས་སྐད་ཆ་བཤད་ཆོག་པ་ཡོང་གི་འདུག དེ་ནི་ངོས་ལ་རྣམ་དཔྱོད་ཆེན་པོ་ཡོད་ཟེར་གྱི་མེད། ང་ཚོ་བོད་ལ་ཡོད་པའི་གཞུང་ཆེན་རྣམས་སློབ་སྦྱོང་དང་། ལྷག་པར་རིགས་ལམ་གྱི་ཐོག་ནས་དཔྱད་པ་ཤུགས་ཆེ་བྱས་པའི་བཀའ་དྲིན་ཡིན། དེ་ཡང་རྒྱ་ཡིག་དང་དབྱིན་ཡིག ཧིན་རྡི་གང་ལའང་བརྟེན་དགོས་ཀྱི་མེད། བོད་ཡིག་ཤེས་ཕྱིན་ཚང་མ་བོད་ཡིག་ནང་ཡོད་པ་རེད། འདི་དངོས་གནས་བོད་པའི་གཅེས་ནོར་འཛམ་གླིང་སྤྱི་ལ་ངོམ་ཆོག་པ་ཞིག་ཡིན།
ངོས་ནས་ནམ་རྒྱུན་བརྗོད་པར་ང་ཚོའི་ཆོས་བཤད་སྟངས་འདི་སྤོ་བོ་རྨོ་བོ་ཚོར་ཞེད་སྣང་སྐུལ་བ་ལྟ་བུ་བྱས་ན་སངས་རྒྱས་པའི་ཆོས་ཀྱི་དགོངས་པ་དང་མཐུན་གྱི་མེད། སངས་རྒྱས་ཀྱི་ཆོས་ནི་མི་ལ་སྤྲོ་བ་དང་སྤོབས་པ་སླེབས་ནས། དགའ་བཞིན་སྤྲོ་བཞིན་ཉམས་ལེན་ལ་འཇུག་པ་ཞིག་དགོས་པ་ལས། དམྱལ་བར་སྐྱེ་རྒྱུའི་ཞེད་སྣང་སྐུལ་ཐབས་ཀྱིས་ཆོས་བཤད་བྱས་ན་མི་འགྲིགས། ཆོས་ལུགས་གཞན་གྱིས་ཞེད་སྣང་སྐུལ་ནས་ཆོས་བཤད་བྱེད་མཁན་འདུག་ཀྱང་། སངས་རྒྱས་པའི་ཆོས་ཀྱིས་སྤྲོ་སྣང་ལྡན་པའི་ཐོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་ཡོད་པ། དེ་ཡང་རིགས་པས་སྒྲུབ་ཅིང་། སྒྲུབ་སྟངས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རེད་ཅེས་དེ་ཙམ་ལ་མ་བཞག་པར། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་འགྲུབ་ཐུབ་པ་ཞིག་ཡིན་པ། གཞི་དངོས་པོའི་གནས་ཚུལ་དང་། དེ་ཡང་གཞི་བདེན་པ་གཉིས་ལ་བརྟེན་ནས་བསམ་བློ་གཏོང་དགོས་པ་སོགས་ཧ་ཅང་ཞིབ་ཚགས་ཀྱི་ཐོག་ནས་འགྲོ་དགོས་པ་ཡིན། དེ་ལྟར་བྱས་ན་གཞི་ནས་སྤྲོ་བ་འཕེལ་ཡོང་གི་རེད།
བོད་ཀྱི་ཆོས་འདི་རྩ་བ་སངས་རྒྱས་པའི་ཆོས་ཡིན་དུས་དབང་པོ་རྣོན་པོའི་དབང་དུ་བྱས་པའི་སངས་རྒྱས་ཀྱི་ཆོས་བྱེད་སྟངས་ཤིག་དགོས་ལས། དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་ཆོས་བྱེད་སྟངས་ཤིག་མིན། གང་ཡང་མ་ཤེས་པའི་གནས་ཚུལ་ནི་ཐ་དད་ཡིན། དད་པ་བྱས་ནས་འགྲོ་རྒྱུ་ལས་གཞན་ཐབས་ཤེས་མེད། སངས་རྒྱས་པའི་ཆོས་ངོ་མ་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་དགོས་པས། རིགས་པ་ལ་བརྟེན་ནས་བརྟག་དཔྱད་བྱས་ཏེ་འགྲོ་དགོས་པ་ཡིན། འདི་ནི་ང་ཚོ་བོད་པ་རྣམས་ཀྱིས་ངོ་ཤེས་པ་བྱེད་དགོས་པ་དང་། བོད་པ་ཙམ་དུ་མ་ཟད། འཛམ་གླིང་གི་ནང་པ་ཚང་མས་སངས་རྒྱས་ཀྱི་ཆོས་ལ་དད་པ་ཡོད་ཟེར་བ་ཙམ་ལ་ཆ་མ་བཞག་པར། སངས་རྒྱས་པའི་ཆོས་ངོ་མ་གང་འདྲ་ཡིན་ཤེས་དགོས་པ་རེད། ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ལས། རང་གི་ཕ་མེས་ནས་དར་བའི་གོམས་གཤིས་ལ་བརྟེན་ནས་སྐྱབས་སུ་མཆི་ཞེས་བརྗོད་དེ་ཆོག་ཤེས་བྱས་ནས་བསྡད་ན་མི་འགྲིགས་ཞེས་བརྗོད་ཀྱི་ཡོད། ང་ཚོ་བོད་མི་རིགས་ལ་མཚོན་ན་འདི་བོད་ཀྱི་བླ་སྲོག་ཡིན།
ཡང་ལོ་སྟོང་ཕྲག་གཅིག་རིང་ང་ཚོར་ཆོས་རྒྱལ་ཚོའི་གཅིག་གྱུར་གྱི་དབུ་ཁྲིད་མེད་པ་ཆགས་རྐྱེན་ནང་ཁུལ་འབྲེལ་བ་ཡག་པོ་མེད་པར་བོད་ཉམས་ཆག་སོང་ཡང་། བོད་མི་ས་ཡ་དྲུག་གཅིག་གྱུར་ཏུ་བསྡད་ཐུབ་པ་ནི་བོད་ཀྱི་སྐད་ཡིག་དང་། སྐད་ཡིག་ནང་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ལ་བརྟེན་ནས་ཆབ་སྲིད་ཐོག་ཇི་ལྟར་བྱུང་ཡང་གཅིག་གྱུར་ཏུ་གནས་ཐུབ་པ་བྱུང་ཡོད། ངོས་ཀྱིས་བོད་ཀྱི་ཆོས་དང་སྐད་ཡིག་འདི་བོད་ཀྱི་བླ་སྲོག་ལྟར་ཡིན་ཞེས་བརྗོད་པའི་རྒྱུ་མཚན་དེ་ཡིན།
ངོས་ཀྱིས་མི་འདྲ་མིན་ཐུག་འཕྲད་དང་། ལྷག་པར་ཨ་ཧྤེ་རི་ཀའི་ལུང་པ་འདྲ་མིན་དུ་ཡོད་པའི་གདོད་མའི་མི་རིགས་དག་ཐུག་དུས་ཁོ་ཚོས་རིག་གཞུང་དང་སྲོལ་རྒྱུན་གྱི་གོམས་སྲོལ་རྒྱུན་འཛིན་ཐད་སེམས་ཁྲལ་བྱེད་ཀྱི་འདུག ངས་ཁོ་ཚོར་ཡི་གེ་ཡོད་མེད་སྐད་ཆ་དྲིས་པར་ཁོ་ཚོ་མང་ཆེ་བར་ཡི་གེ་མི་འདུག ངས་ཁོ་ཚོར་ཁྱེད་རང་ཚོས་ཡི་གེ་བཟོ་དགོས་པ་ལས་ངག་རྒྱུན་གཅིག་པུའི་ཐོག་ནས་སོ་སོའི་རིག་གཞུང་དང་གོམས་སྲོལ་རྒྱུན་འཛིན་བྱ་རྒྱུ་ཁག་པོ་ཡིན་པས་ཡིག་ཐོག་ལ་འཇོག་དགོས་ཞེས་བརྗོད་པ་ཡིན། ང་རང་ཚོ་བོད་པར་ལོ་སྟོང་ཕྲག་གཉིས་ཀྱི་གོང་ནས་ཡི་གེ་ཡོད་པ་རེད། ཐོན་མི་སམ་བྷོ་ཊའི་སྐབས་ལ་བོད་ཡིག་གསར་དུ་བྱུང་བ་ཡིན་ནའང་འདྲ། དེའི་གོང་དུ་ཞང་ཞུང་བོད་ཀྱི་ཡི་གེ་ཞིག་ཡོད་པ་ཡིན་ནའང་འདྲ། གང་ལྟར་རང་སྐྱ་ཐུབ་པའི་ཡི་གེ་ཞིག་ཡོད་པ་དེ་ལ་སྤོབས་པ་སྐྱེ་གི་འདུག བོད་པའི་ཕྲུ་གུ་ཚོས་དེ་ལ་དོ་སྣང་བྱས་ཏེ་བོད་ཡིག་གིས་མ་ལྡང་ས་ཡར་རྒྱས་བཏང་སྟེ་དེང་དུས་ཀྱི་བརྗོད་བྱ་དེ་ཚོ་བོད་ཡིག་ནང་ཁ་གསབ་བྱེད་དགོས། དེའི་ཐད་བོད་ནང་ནས་དཀའ་ལས་རྒྱག་མཁན་ཡོད་ལ། འདི་ཕྱོགས་ལའང་ཡོད་པ་རེད།
དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་སོགས་ཆོས་རྒྱལ་རྣམ་དཔྱོད་དང་སྙིང་སྟོབས་ཅན་དེ་དག་སྐབས་ཀྱི་བོད་ཀྱི་གནས་བབ་རིམ་པས་ཉམས་ནས་བོད་སིལ་བུར་འཐོར་རྗེས་བོད་འདི་ཧ་ཅང་སྐྱོ་པོ་ཆགས་ཡོད། དེ་ལྟར་ཆབ་སྲིད་ཐད་སྐྱོ་པོ་ཆགས་ཀྱང་། བོད་མི་རིགས་ཀྱི་ཞེན་ཁོག་དང་ལྟ་གྲུབ་ཆོས་ཕྱོགས་ཀྱི་ཐོག་ནས་བཟུང་སྟེ་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་སྐད་གདངས་མི་འདྲ་བ་ཡོད་ཀྱང་ཡི་གེ་གཅིག་པ་ཡིན། བཀའ་འགྱུར་བསྟན་འགྱུར་གཅིག་གྱུར་དུ་འདོན་གྱི་ཡོད། བོད་རྡོག་རྡོག་གཅིག་ཏུ་བསྒྲིལ་བ་འདི་སྐད་ཡིག་གི་བཀའ་དྲིན་ཡིན། དེ་ཆབ་སྲིད་མིན་ཡང་ཆབ་སྲིད་ཀྱི་རྩ་བར་གྱུར་ཡོད། དེར་བརྟེན་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་དངོས་གནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་པའི་ནུས་པ་ཡོད་པའི་རང་གི་གཅེས་ནོར་འདི་ངོ་ཤེས་པ་བྱས་ཏེ། བདག་པོ་ཡག་པོ་རྒྱག་དགོས། བདག་པོ་རྒྱག་སྟངས་ཀྱང་མཆོད་བཤམས་ནང་སྐུ་གསུང་ཐུགས་རྟེན་ལྟར་སྒྲིགས་པ་མ་ཡིན་པར། སློབ་སྦྱོང་བྱས་ནས་སེམས་ཀྱིས་བདག་པོ་རྒྱག་དགོས། སྤྱིར་ཤེས་ཡོན་ཞེས་པ་འདི་སེམས་ན་ཡོད་པ་ལས་ཕྱི་ལ་མེད། སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱས་ཏེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤེས་ན་དེ་ནི་བདག་པོ་བརྒྱབ་པ་རང་ཡིན། འདི་ངོས་ཀྱི་ལས་འགན་གཙོ་བོ་གཅིག་ཡིན་པར་བརྗོད་ཀྱི་ཡོད།
དེ་ནས་བོད་ཀྱི་ཆབ་སྲིད་ལ་ཆ་བཞག་ན། རྩ་བའི་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་པོ་ཡོད་པ་དེ་དག་མ་བརླག་པར་ཡག་པོ་འཛིན་ཐུབ་ན། ཆབ་སྲིད་ཀྱི་སྟོབས་ཤུགས་རང་བཞིན་གྱིས་སླེབས་ཀྱི་རེད། དཔེར་ན། ཕྱི་ལོ་ ༡༩༧༣ ལོར་ང་རང་ཐོག་མར་ཡུ་རོབ་ཁུལ་དུ་ཕྱིན་པ་ཡིན། སྐབས་དེར་དྲུང་ཆེ་རྟ་ར་ལགས་འདས་པོ་ཁོང་ཡོད། ངས་བོད་ཀྱི་ཆབ་སྲིད་ཀྱི་གནས་ཚུལ་ཚིག་གཅིག་བཤད་མེད། སྤྱི་སེམས་སྐོར་བཤད་པ་ཡིན། དབྱིན་ཡིག་ནང་ (Universal responsibility) ཟེར་བ་དེ་བཤད་པ་རེད། ཁོང་ཚོ་ཁ་ཤས་ཀྱིས་སྐབས་དེར། ངས་ཆབ་སྲིད་སྐོར་བཤད་མ་སོང་། ཆབ་སྲིད་བཤད་དགོས་པ་རེད། ཅེས་ཤོད་མཁན་བྱུང་། དེ་དུས་རྟ་ར་ལགས་ཀྱིས། བོད་ཀྱི་ཆབ་སྲིད་སྐོར་གསུངས་མེད་ཀྱང་(Universal responsibility) ཞེས་པ་འདི་ཆབ་སྲིད་ཆེན་པོ་རེད་ཅེས་བཤད་ཡོད། གང་ལྟར་ངོས་ད་ལྟ་རྒས་ཡོལ་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་བྱེད་པ་དང་གཅིག ཆོས་ལུགས་མཐུན་སྒྲིལ་བྱེད་པ་དང་གཉིས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་མི་བརླག་པའི་ཆེད་དུ་ཤུགས་རྒྱག་པ་དང་གསུམ་བཅས་ཀྱིས་དོན་དམ་བོད་ཀྱི་བསྟན་སྲིད་སྤྱི་ལ་ཕན་ཐོགས་ཡོང་གི་ཡོད།
ཆབ་སྲིད་ཅེས་པ་ནི་དུས་ཀྱི་འགྱུར་བ་དང་མཉམ་དུ་འཕོ་འགྱུར་སྣ་ཚོགས་ཡོང་བ་ཞིག་ཡིན། སྔར་དུས་རབས་བདུན་པ་དང་བརྒྱད་པ། དགུ་བའི་སྐབས་ཀྱི་གནས་སྟངས་རྒྱལ་རབས་སྨྲ་བ་ཚོས་རྒྱ་ནག་གི་ཡིག་ཆའི་ཐོག་ཉམས་ཞིབ་བྱས་ཏེ་བཤད་པ་ལྟར་ན། སྐབས་དེར་རྒྱ་ནག་དང་། སོག་པོ། བོད་བཅས་ལ་ཨེ་ཤ་ཡའི་ས་ཁུལ་གྱི་བཙན་དབང་རྒྱལ་ཁབ་ (imperial) གསུམ་རེད་ཅེས་བརྗོད་ཀྱི་འདུག ངོས་ཀྱིས་ལོ་བཅུ་དྲུག་ནས་ལོ་བདུན་ཅུ་དོན་དྲུག་བར་ཆབ་སྲིད་ཀྱི་འགན་འཁུར་བ་ཡིན། དངོས་ཡོད་གནས་ཚུལ་དང་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པའི་འབྲས་བུར། བོད་རང་བཙན་རྩོད་ཀྱི་མེད། བོད་རྒྱ་གཉིས་མོས་ཀྱི་ལམ་ཞིག་འཚོལ་གྱི་ཡོད། བོད་རྒྱ་གཉིས་མོས་ཀྱི་ལམ་ལ་ཞུགས་པར་བརྟེན་བོད་ཀྱི་གནས་ཚུལ་ཤེས་མཁན་དང་། ཤེས་ཡོན་ཅན་གཙོ་བོར་གྱུར་པའི་ནང་པ་དང་། དེ་མིན་གྱི་རྒྱ་རིགས་མང་པོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་དང་ཤ་ཚ་བྱེད་ཀྱི་འདུག། ཡུལ་གང་ཞིག་ཡིན་ནའང་མི་མང་ནི་ཡུལ་གྱི་བདག་པོ་རེད། མི་མང་གི་ནང་ནས་བདེན་པའི་བདེན་རྒྱབ་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོས་གཙོ་བོ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ཟུར་གསལ་དུ་ཡོད་པ་དེ་དག་ལ་བདག་པོ་ཡག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན། ཆབ་སྲིད་འཐབ་རྩོད་བྱེད་སྟངས་ཀྱང་འཚེ་བ་མེད་པ་དང་བདེན་པ་རྩ་བར་བཞག་སྟེ། རང་རྒྱལ་གཞན་ཕམ་མིན་པར། གཉིས་སྨན་ཐོག་བདེན་མཐའ་གསལ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། དེ་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བྱས་པ་ཡིན།
ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་འབྱོར་ཞིང་ཕྱི་ལོ་ ༡༩༦༠ ནང་བོད་པ་ཁ་ཤས་ཀྱིས་སྟབས་ཉེས་པ་ཞིག་ལ་ང་བོད་པའི་ནང་སྐྱེས་པ་དེ་འགྲིག་མི་འདུག མི་གྲལ་ལ་ཚུད་ཀྱི་མི་འདུག་ཅེས་བཤད་མཁན་བྱུང་ཡོད། དེ་རྗེས་རིམ་པས་ང་ཚོ་འཛམ་བུ་གླིང་ལ་འབྲེལ་བ་བྱུང་སྟེ་དེང་གི་སྐབས་སུ་བོད་པ་མིན་པ་ཚོས་ཀྱང་བོད་པ་ཡིན་བརྗོད་ཀྱི་ཡོད། ལྷག་པར་ཨ་རི་དང་ཡུ་རོབ་ལ་འགྲོ་མཁན་ཚོས་བོད་པ་མིན་ཡང་ང་བོད་པ་ཡིན་ཟེར་བ་དང་། གྲྭ་པ་མིན་ཡང་གྲྭ་ཆས་གྱོན་པའི་དུས་སྐབས་ཤིག་ལ་སླེབས་ཡོད། གང་ལྟར་ང་ཚོ་བོད་མི་རིགས་ཀྱིས་རྒྱུ་མཚན་ལྡན་པའི་སྤོབས་པ་བྱེད་ཆོག་པ་ཡིན། ཡང་སྤོབས་པ་བྱས་ནས་མི་ལ་མཐོང་ཆུང་བྱས་ན་མི་འགྲིག སྤོབས་པ་བྱེད་པའི་རྒྱུ་མཚན་ནི་སེམས་པ་བཟང་པོ་དང་ཡ་རབས་བྱེད་པ་འདི་ལ་ཐུག་ཡོད། དེ་སྔ་ཡིན་ན་རྒྱ་གར་བས་བོད་པའི་གཞིས་ཆགས་ཚོ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་ཚོ་སེམས་པ་བཟང་པོ་དང་རྫུན་མི་བཤད་མཁན་རེད་ཅེས་བརྗོད་ཀྱི་ཡོད། ཨ་རི་དང་ཡུ་རོབ་ཁུལ་ནས་ཀྱང་དེ་བཞིན་བརྗོད་ཀྱི་ཡོད། འོན་ཀྱང་། བར་སྐབས་ནས་སྤྱོད་པ་ཅུང་ཉམས་ཏེ་ཨ་རི་དང་སུད་སི་ཁུལ་རྐུ་མ་རྒྱག་མཁན་དང་། རྫུན་བཤད་མཁན་ཁ་ཤས་བྱུང་ཡོད་ལ། དེ་རིགས་རྒྱ་གར་ནང་དུའང་ཡོད།
ཧི་མ་ཅལ་མངའ་སྡེའི་ནང་གི་ཀུ་ལུ་ཡུལ་པ་ཁ་ཤས་ལ་དཀའ་ངལ་འཕྲད་ཡོད། ཁོང་ཚོས་སྔ་མོ་ཀུ་ལུ་ནང་ལམ་བཟོ་བྱེད་མཁན་གྱི་བོད་པ་དེ་ཚོ་ཧ་ཅང་ཡག་པོ་ཡོད། ཁོ་ཚོས་རྫུན་མི་བཤད་ཅིང་ཡ་རབས་པོ་ཡོད། ཕྱིས་སུ་བོད་པའི་ནང་མི་ལ་ཐུབ་ཚོད་བྱེད་མཁན་དང་། རྫུན་བཤད་མཁན་ཡོང་གི་འདུག་ཅེས་བཤད་ཡོད། དེར་བརྟེན་བོད་པའི་ཡ་རབས་སྤྱོད་བཟང་བརླག་པ་ཡིན་ན་བོད་པའི་བླ་སྲོག་མེད་པ་ཆགས་པ་རེད། དེ་མེད་པ་ཆགས་ན་སོ་སོ་སྒེར་སྐྱིད་པོ་ཡོང་གི་མ་རེད་ལ། སྤྱི་ལའང་མཚན་ཤས་ཡོང་གི་རེད། རྒྱ་མི་གུང་ཁྲན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་དབང་ཤེད་ཀྱིས་མེད་པ་བཟོ་གི་ཡོད། ང་ཚོས་རང་དབང་ལུང་པའི་ནང་རང་གི་བླ་སྲོག་ལ་དོ་སྣང་མི་བྱེད་པར། དངོས་པོ་ཡར་རྒྱས་ལ་ཞེན་ཏེ་ཆགས་སྡང་ཕྱོགས་རིས་ཀྱི་ལམ་དུ་ཕྱིན་པ་ཡིན་ན་དེ་ནི་བསྟན་བཤིག་ངོ་མ་རེད། བསམ་བློ་ཡག་པོ་གཏོང་དགོས། ཕ་རོལ་པོ་གླགས་མ་འཁེལ་བར་བོད་པ་རང་ཉིད་ཀྱིས་རང་གི་ཁྱད་ཆོས་བཟང་པོར་མཐོང་ཆུང་བྱས་ན་དེ་ནི་ཐབས་སྐྱོ་པོ་རེད།
འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཁོང་གི་སྐུ་ཚེའི་ནང་གཡོལ་ཐབས་མེད་པའི་འགན་ཁུར་བཞིའམ་ལྷག་བསམ་སེམས་སྐྱེད་བཞི་ཡོད་པར་བཞེད་དེ།
- དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་བཞེད།
- གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད།
- གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད༎
- བཞི་པ། ཁོང་ཉིད་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག། ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་བྱས་ཏེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་ཐུབ་པར་ངོས་འཛིན་གནང་གི་ཡོད་པ་བཅས་སོ།